སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས20ཉིན་བསྟན་དོན། སི་རི་ཡཱ་ཡིས་སི་རི་ཡཱའི་ཡུལ་གྱར་བ་དག་བདེ་འཇགས་ངང་རང་ཁྱིམ་དུ་ལོག་ཏུ་འཇུག་པ་དེ་ཐོག་མའི་ལས་འགན་དུ་རྩིས་ཡོད་ཟེར།
སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། པཱ་ཧྲ་ཨར་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་བདེ་འཇགས་གནས་བབ་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱས། སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་གླེང་སྐབས། པཱ་ཧྲ་ཨར་གྱིས་བསྟན་དོན། སི་རི་ཡཱ་ཡིས་དགོས་ངེས་ཀྱི་བཅའ་ཁྲིམས་དང་ཁྲིམས་འཛུགས་ཁོར་ཡུག་གསར་བསྐྲུན་བྱས་ཏེ་སི་རི་ཡཱའི་ཡུལ་གྱར་བ་དག་རང་ཁྱིམ་དུ་ལོག་ཏུ་འཇུག་པར་རམ་འདེགས་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཟེར།
སཱ་ཧྥ་ཏིས་ཀྱིས་བསྟན་དོན། ཅོར་ཏན་གྱིས་སི་རི་ཡཱའི་གཏན་འཇགས་དང་སླར་གསོ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ནུས་པ་གང་ཡོད་བཏོན་ནས་སི་རི་ཡཱའི་ཡུལ་གྱར་བ་དག་རང་ཁྱིམ་དུ་ལོག་ཏུ་འཇུག་པའི་བྱ་བར་རོགས་རམ་བྱེད་བཞིན་ཡོད་ཟེར།
2011ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་ཚུན་ལ། སི་རི་ཡཱའི་ཡུལ་གྱར་བ་ས་ཡ་མང་བོ་ཁྱིམ་མཚེས་རྒྱལ་ཁབ་ཅོར་ཏན་དང་ལེ་པཱ་ནུན། ཐུར་ཁེ། དབྱི་རག་སོགས་སུ་བྲོས་བྱོལ་བྱས་ནས་སྐྱབས་འཚོལ་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཅོར་ཏན་གྱི་མངའ་ཁོངས་སུ་སི་རི་ཡཱའི་ཡུལ་གྱར་བ་འབུམ་བདུན་ཙམ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།