དབྱི་རག་གི་ཙུང་ལི་ཡིས་དབྱི་རག་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་བསད་ཡོད་པའི་ཚུལ་བསྟན།
2024.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

དབྱི་སི་རལ་གྱི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས22ཉིན་བསྟན་དོན། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ཀྱི་རི་ཁུལ་དུ་འགུལ་སྐྱོད་སྤེལ་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་གི་འགོ་བ་དང་མཐོ་རིམ་ཁོངས་མི་གཞན་པ་བརྒྱད་བསད་ཡོད་ཟེར།

སུའུ་ཏཱ་ནེ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་དང་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གིས་འགུལ་སྐྱོད་སྤེལ་སྐབས་ཅི་ཨར་ཁུའུ་ཁི་ཞིང་ཆེན་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་བར་གྱི་ཧཱ་མུའུ་ལིན་རི་ཁུལ་གྱི་འཇིགས་སྐུལ་ཉེས་ཅན་གྱི་སྦས་སྐོང་བྱེད་སར་ཆམ་ཕབ་བཏང་ཟེར།

དབྱི་རག་གི་མཉམ་འབྲེལ་འགུལ་སྐྱོད་ཀྱི་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། གསང་འཕྲིན་དང་ཟླ་ངོ་འགའི་ལྟ་ཞིབ་ལ་གཞིགས་ནས། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཚེས22ཉིན་གྱི་སྐྱ་རེངས་སྐབས་སུ་ཧཱ་མུའུ་ལིན་རི་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་གློ་བུར་དུ་འཇབ་རྒོལ་བྱས་ཏེ། འཇིགས་སྐུལ་ཉེས་ཅན་དགུ་བསད་པ་དང་། དེའི་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་མཱ་ཙི་ལུའུ་དབྱེ་འདུས་ཡོད་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་གཞན་པ་བརྒྱད་ཀྱི་ཐོབ་ཐང་དེDNAབརྟག་དཔྱད་བྱས་རྗེས་ཁྱབ་བསྒྲགས་བྱེད་རྒྱུ་རེད།

གསལ་བསྒྲགས་ལས་ད་རུང་བསྟན་དོན། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་དྲག་ཆས་དང་མདེལ་རྫས། སྒྲིག་ཆས་མང་པོ་གཞུང་བཞེས་བཏང་ཞིང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་འགའ་དང་འགད་རྫས་སྒྲིག་ཆས་བཟོ་སའི་ཁང་བ་ཞིག་གཏོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།