ཝུ་ཀན་ཏཱའི་དབུས་ཕྱོགས་ས་ཁུལ་དུ་སྣུམ་འདྲུད་རླངས་འཁོར་ཞིག་ལོག་ནས་འགས་གཏོར་བྱུང་སྟེ་མི11རྐྱེན་ལམ་དུ་ཤོར།
2024.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཝུ་ཀན་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། སྣུམ་འདྲུད་རླངས་འཁོར་ཞིག་ཉིན་དེར་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཝ་ཅི་སོ་ས་ཁུལ་དུ་ལོག་ནས་འགས་གཏོར་བྱུང་བའི་དོན་རྐྱེན་ལས་མི11རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད3སྟེང་། སྣུམ་འདྲུད་རླངས་འཁོར་ཞིག་ཝ་ཅི་སོ་ས་ཁུལ་གྱི་ཅི་ཀི་ཀུའུ་ཝ་གྲོང་རྡལ་ཉེ་འདབས་སུ་གཞུང་ལམ་སྟེང་ལོག་རྗེས་འགས་གཏོར་བྱུང་སྟེ་མེར་འབར་བ་དང་། དེ་ལས་ ནར་སོན་མེད་པའི་མི་གཉིས་དང་བཅས་པའི་མི11རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག མེ་སྐྱོན་ལས་ད་རུང་ཐོག་ཁང་བཞིར་མེར་འཚིག་ཡོད་ལ། ཚོང་ཁང9ལ་གནོད་པ་ཐེབས་ཡོད། སྡེ་ཁག་བརྒལ་བའི་འཕྲལ་བསྟུན་དང་ལེན་ཚན་ཆུང་གིས་ཡུལ་དངོས་སུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སྣུམ་འདྲུད་རླངས་འཁོར་ལོག་རྗེས་མང་ཚོགས་སྐོར་ཞིག་དེར་ཡོང་ནས་འབར་རྫས་བླངས་པ་རེད། རླངས་འཁོར་དེར་འགས་གཏོར་བྱུང་ནས་མེར་འབར་བའི་དབང་གིས་མི་མང་བོ་རྐྱེན་ལམ་དུ་ཤོར་བ་རེད། ཉེན་རྟོག་ཕྱོགས་ཀྱིས་མང་ཚོགས་ལ་སྣུམ་འདྲུད་རླངས་འཁོར་ལ་དོན་རྐྱེན་བྱུང་རྗེས་འབར་སྣུམ་འཕྲོག་རེས་བྱེད་མི་རུང་བའི་གསལ་འདེབས་བྱས་ཡོད།

ཝུ་ཀན་ཏཱའི་ས་གནས་དཔོན་པོ་ལུའུ་ཝན་ཅཱ་ཡིས་བཤད་རྒྱུར། སྣུམ་འདྲུད་རླངས་འཁོར་དེ་ཁ་ལོ་བྱེད་ཐབས་བྲལ་ནས་ལོག་པ་ཡིན་ལ། ཁ་ལོ་བ་བྲོས་བྱོལ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།