སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་དབུས་ཕྱོགས་ཀྱི་འཐབ་ཇུས་གྲོང་ཁྱེར་ཞིག་ཕྱིར་འཕྲོག་ལེན་བྱས་པ་ཁྱབ་བསྒྲགས་བྱས།
2024.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས23ཉིན་དབུས་ཕྱོགས་ཀྱི་སིན་ནཱ་ཨར་མངའ་སྡེའི་ཏེན་ཏི་ཨར་གྲོང་ཁྱེར་གྱི་ཚོད་འཛིན་དབང་ཆ་ཡང་བསྐྱར་འཕྲོག་ལེན་བྱས་ཡོད་པ་ཁྱབ་བསྒྲགས་བྱས།

སུའུ་ཏན་གྱི་དྲག་ཆས་དམག་དཔུང་གི་ཁོངས་སུ་གཏོགས་པའི་སྨྱན་བྱད་ཀྱིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། སུའུ་ཏན་དྲག་ཆས་དམག་དཔུང་གིས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ཏེན་ཏི་ཨར་གྲོང་ཁྱེར་ནས་མཐར་སྐྲོད་བཏང་སྟེ། འཐབ་ཕྱོགས་སོ་སོ་ནས་ཤོར་བའི་ས་ཁོངས་ཕྱིར་འཕྲོག་ལེན་བྱས་ཡོད་ཟེར།

ཏེན་ཏི་ཨར་གྲོང་ཁྱེར་དེ་སིན་ནཱ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཞིན་ཅཱའི་ཤར་ངོས་ཀྱི་སྤྱི་ལེ25མཚམས་སུ་ཡོད་པ་དང་། འཐབ་ཇུས་གོ་གནས་གལ་ཆེན་ཡིན།

ད་ལོའི་ཟླ7པར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཏེན་ཏི་ཨར་གྱི་ཚོད་འཛིན་དབང་ཆ་འཕྲོག་པ་རེད། ཟླ10བའི་ཚེས5ཉིན། སུའུ་ཏན་དྲག་ཆས་དམག་དཔུང་གིས་སིན་ནཱ་ཨར་མངའ་སྡེའི་འཐབ་ཇུས་གནད་ས་ཅེ་པེ་ལེ་མུའུ་ཡཱ་ཡང་བསྐྱར་འཕྲོག་ལེན་བྱས་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མཁོ་སྒྲུབ་ལམ་ཐག་བཅད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།