ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཐི་ལཱ་ཝེ་ཧྥུའུ་རུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས།
2024.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས23ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་དབྱི་སི་རལ་གྱི་གྲོང་ཁྱེར་ཆེན་མོ་ཐི་ལཱ་ཝེ་ཧྥུའུ་རུ་མེ་ཤུགས་འཕུར་མདའ་འགའ་གཏོང་འཕེན་བྱས་ཟེར།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། འཇབ་རྒོལ་དམིགས་འབེན་ནི་ཐི་ལཱ་ཝེ་ཧྥུའུ་ཉེ་འདབས་ཀྱི་དམག་དོན་བཟོ་གྲྭ་ཞིག་ཡིན་པ་དང་། མེ་ཤུགས་འཕུར་མདའ་དེ་ཐད་ཀར་དམིགས་འབེན་ལ་ཕོག་ཡོད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་ཧྲིལ་བོར་མཁའ་སྲུང་ཉེན་བརྡ་བཏང་བ་དང་། གྲོང་ཁྱེར་གྱི་བར་སྣང་ནས་མཁའ་སྲུང་མ་ལག་གིས་མེ་ཤུགས་འཕུར་མདའ་བཀག་པ་ལས་བྱུང་བའི་དུད་སྨུག་མཐོང་ཐུབ་ཟེར།

ཀྲིན་ཀྲུའུ་ཏང་གིས་ཉིན་དེར་རྩ་འཛུགས་དེའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་སཱ་ཧྥེ་ཏེན་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་ཁས་ལེན་བྱས་ཀྱང་། སཱ་ཧྥེ་ཏེན་ཤི་བའི་དུས་ཚོད་དང་ས་གནས་སོགས་གསལ་བོར་བསྒྲགས་མེད། སྔ་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཟླ་འདིའི་ཟླ་མགོར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་ཀྱི་ཀྲིན་ཀྲུའུ་ཏང་གི་གསང་འཕྲིན་སྤྱི་ཁྱབ་པུའུ་ལ་གནད་འཁེལ་བར་སྣང་འཇབ་རྒོལ་བྱས་པ་ལས། སཱ་ཧྥེ་ཏེན་དང་ཀྲིན་ཀྲུའུ་ཏང་གསང་འཕྲིན་སྤྱི་ཁྱབ་པུའུ་ཡི་བཀོད་འདོམ་དཔོན་པོ་ཧཱ་ཆི་མཱ་སོགས་ཀྲིན་ཀྲུའུ་ཏང་གི་ཁོངས་མི་བཅུ་ཕྲག་འགའ་བར་སྣང་འཇབ་རྒོལ་ཁྲོད་བསད་པ་ཁྱབ་བསྒྲགས་བྱས། ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཟླ9བའི་ཚེས27ཉིན་གྱི་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཁྲོད་བསད་རྗེས། སཱ་ཧྥེ་ཏེན་ནི་ནཱ་སི་ལུའུ་ལཱའི་རྒྱུན་འཛིན་པ་ཡིན་པར་རློམ་བཞིན་ཡོད།

གཞན་ཡང་ལེ་པཱ་ནུན་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས23ཉིན་གྱི་ཕྱི་དྲོ་ནས་དགོང་མོའི་བར་པེ་རུ་ཐིའི་ལྷོ་འདབས་ས་ཁུལ་དུ་ཉུང་མཐར་ཡང་བར་སྣང་འཇབ་རྒོལ་ཐེངས་བཅུ་ལྷག་སྤེལ་བ་དང་། དེའི་ནང་ཐེངས་གཅིག་གི་འཇབ་རྒོལ་དམིགས་འབེན་ནི་ལེ་པཱ་ནུན་ཐང་ཆེན་བརྙན་འཕྲིན་ཁང་གི་གཞུང་སྒྲུབ་ཐོག་ཁང་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།