ཧཱ་མཱ་སི་ཡིས་དབྱི་སི་རལ་གྱི་དམག་དཔུང་གི་ཅེ་པཱ་ལེ་ཡེ་ས་ཁུལ་གྱི་འགུལ་སྐྱོད་ལས་མི770ལྷག་རྐྱེན་ལམ་དུ་ཤོར་བའི་ཚུལ་བསྟན།
2024.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་ཉིན19རིང་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅེ་པཱ་ལེ་ཡེ་ཡུལ་གྱར་བའི་སྒར་ས་དང་ཉེ་འཁོར་ས་ཁུལ་དུ་འགུལ་སྐྱོད་སྤེལ་བ་ལས་མི770ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་བསྟུད་མར་འགུལ་སྐྱོད་སྤེལ་བ་ལས་མི1000ལྷག་ལ་རྨས་ཕོག་ཡོད་པ་དང་། མི་བཅུ་ཕྲག་འགའ་གར་སོང་རྙེད་མེད་ལ། མང་ཚོགས་སྟོང་ཕྲག་འགའ་འུ་ཐུག་ཐབས་ཟད་ཀྱིས་གནས་གཞན་དུ་སྤར་ཡོད། དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་ལས་སྨན་བཅོས་མ་ལག་ལ་ཆམ་ཕབ་བཏང་བ་དང་། སྨན་བཅོས་ཀྱི་ཡོ་བྱད་དཀོན་པའི་དབང་གིས་རྨས་མ་དང་ནད་པ་མང་བོར་དུས་ལྟར་གསོ་བཅོས་བྱེད་དཀའ་བར་གྱུར་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅེ་པཱ་ལེ་ཡེ་ས་ཁུལ་དུ་འགུལ་སྐྱོད་སྤེལ་ནས། དྲག་ཆས་ཉེས་ཅན་མང་བོ་བསད་པར་མ་ཟད་མཚོན་ཆ་མང་བོ་རྙེད་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་འཛིན་བཟུང་བྱས་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ་འདིའི་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། ཅེ་པཱ་ལེ་ཡེ་ས་ཁུལ་དུ་དྲག་ཆས་ཉེས་ཅན་དང་དེའི་རྨང་གཞིའི་སྒྲིག་ཆས་བཞག་ཡོད་པ་དང་། ཧཱ་མཱ་སི་ཡིས་ས་ཁུལ་དེའི་འཐབ་འཛིང་ནུས་པ་སླར་གསོ་བྱེད་པར་བརྩོན་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས5ནས་ཚེས6ཉིན་གྱི་དགོང་མོའི་བར་ཅེ་པཱ་ལེ་ཡེ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མགོ་བརྩམས་པ་དང་། དམིགས་འབེན་མངོན་འགྱུར་བྱེད་རག་བར་དུ་འགུལ་སྐྱོད་མུ་མཐུད་སྤེལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།