མཱ་ཁི་པའོ་ལོ་སྐུ་གཤེགས་ནས་ལོ700འགོར་བར་རྗེས་དྲན་བྱེད་པ་སྟེ་དབྱི་ཐཱ་ལེ་དང་ཀྲུང་གོའི་རིག་གནས་བརྗེ་རེས་ཀྱི་གལ་ཆེན་རང་བཞིན་ཞེས་པའི་དཔྱད་གླེང་ཚོགས་འདུ་ཚེས23ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱའི་དམངས་གྲོས་ཁང་གི་རྒྱལ་མོའི་ཚོམས་ཆེན་ནས་བསྡུས། དབྱི་ཐཱ་ལེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དཔོན་རིགས་དང་མཁས་པས། ཁེ་ལས་འཐུས་མི་སོགས་མཉམ་དུ་འཛོམས་ནས། རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་ལོ་རྒྱུས། དེང་རབས་མཉམ་ལས་ཁྲོད་ཀྱི་ཐུན་མོང་གི་དོན་ལ་གཏིང་ཟབ་པའི་སྒོ་ནས་གྲོས་བསྡུར་བྱས།
དབྱི་ཐཱ་ལེའི་དམངས་གྲོས་ཁང་གི་གྲོས་དཔོན་ལོ་ལོན་ཙོ་ཧྥུན་ཐཱ་ནཱ་ཡིས་ཚོགས་ཐོག་ནས་བསྟན་དོན། མཱ་ཁི་པའོ་ལོ་ནི་ཤར་ནུབ་བར་གྱི་ཆེས་སྔ་བའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་ཞིང་། ཁོའི་སྣང་བརྙན་དེ་དཔལ་ཡོན་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་བརྗེ་རེས་ལ་ཤུགས་སྣོན་པའི་རེ་འདུན་ལས་མངོན་ཡོད། དེ་བས་མིག་སྔའི་རྙོག་འཛིང་གི་འགྲན་རྩོད་མདུན་ནས། དབྱི་ཐཱ་ལེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕན་པའི་དགོས་ངེས་ཀྱི་བྱེད་ཕྱོགས་བཏོན་ཏེ། སྔར་ལས་གཏན་འཇགས་དང་འཛུགས་སྐྲུན་ལྡན་པར་བྱེད་དགོས་ཟེར།
དབྱི་ཐཱ་ལེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅཱ་ཀོས་ཏི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མཱ་ཁི་པའོ་ལོའི་ཤར་ཕྱོགས་ཀྱི་འགྲུལ་བཞུད་ནི་ཀྲུང་གོ་དང་དབྱི་ཐཱ་ལེའི་རིགས་གནས་བརྗེ་རེས་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཟེར། ཁོས་ལས་རིགས་སོ་སོས་ཤར་ནུབ་དཔལ་ཡོན་གྱི་བརྗེ་རེས་དཔེར་ལེན་ལ་ཤུགས་སྣོན་པའི་འདུ་ཤེས་གཙོ་བོ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་བར་གྱི་དཔལ་ཡོན་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། ན་གཞོན་རབས་དེ་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་ཀྱི་ཕོ་ཉ་རུ་འགྱུར་བའི་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་།
གྲོས་ཚོགས་ལ་མགོ་འཛིན་བྱེད་པའི་དབྱི་ཐཱ་ལེའི་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མཱ་ལོས་ཡཱ་ཨ་ཙོ་ལེ་ནཱ་ཡིས་གསར་འགོད་པར་བཤད་རྒྱུར། ཀྲུང་གོ་དང་དབྱི་ཐཱ་ལེ་ནི་ཤར་ནུབ་དཔལ་ཡོན་གྱི་ཕུལ་བྱུང་འཐུས་མི་ཡིན་པ་དང་། རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་རྒྱུན་རིང་ལྡན་ཟེར། ཁོ་མོས་གྲོས་ཚོགས་གལ་ཆེན་འདི་རིགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ཟམ་འཛུགས་པར་རོགས་འདེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་ཐུབ་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།