ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ཧྥ་རན་སི་ནས་བསྡུས།
2024.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་འདོན་བྱས་འོག ལེ་པཱ་ནུན་གྱི་མང་ཚོགས་དང་བདག་དབང་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ཚེས24ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་བསྡུས་པ་དང་། ཚོགས་ཞུགས་མཁན་གྱིས་ལེ་པཱ་ནུན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་བཞག་སྟེ་ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་ཅིང་། གདན་ཞུ་ཐོབ་པའི་རྒྱལ་ཁབ་དང་ས་ཁུལ70ལྷག་གིས་འཐུས་མི་མངག་གཏོང་བྱས་ཡོད་ལ། ལེ་པཱ་ནུན་ལ་མེ་སྒོར་ཐེར་འབུམ་གཅིག་གི་ཞལ་འདེབས་མ་དངུལ་བསྡུས་ཡོད་པ་དང་། དེའི་ནང་མེ་སྒོར་དུང་ཕྱུར་བརྒྱད་ནི་མི་ཆོས་རོགས་སྐྱོར་ཡིན་པ་དང་། མེ་སྒོར་དུང་ཕྱུར་གཉིས་ལེ་པཱ་ནུན་གྱི་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད་ཟེར།

མཱ་ཁི་ལུང་གིས་ཉིན་དེར་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་ཡང་བསྐྱར་ལེ་པཱ་ནུན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པ་དང་། ལེ་པཱ་ནུན་དང་དབྱི་སི་རལ་གྱི་རྒྱལ་མཚམས་ཉེ་འཁོར་གྱི་བདེ་འཇགས་དང་གཏན་འཇགས་སླར་གསོ་བྱས་ཏེ། ལེ་པཱ་ནུན་དང་དབྱི་སི་རལ་གྱི་ཡུལ་འཁྱམས་བྱེད་པའི་མང་ཚོགས་དག་རང་ཁྱིམ་དུ་ལོག་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ལེ་པཱ་ནུན་གྱི་གནས་བབ་ལ་གཞིགས་ན་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པ་དང་། ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་ལྔ་ལྔ་དགུ་དང་གཅིག་བདུན་ཐིག་གཅིག་དངོས་འབེབས་བྱེད་དགོས། རྒྱལ་ཁབ་སོ་སོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་གང་ཡིན་ཡང་བརྩི་འཇོག་བྱེད་དགོས་པ་དང་། མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་ཟེར།

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་པཱ་ལོ་ཡིས་བཤད་རྒྱུར། ཚོགས་ཞུགས་མཁན་གྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པ་དང་། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དངོས་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར། པཱ་ལོ་ཡིས་ཡང་བསྐྱར་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ད་ལྟའི་དུས་རིམ་དུ་དུས་ཡུན་རིང་བོར་དབྱི་སི་རལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ཕྱི་འབྲེལ་གྱི་ཞི་བའི་གྲོས་མོལ་ནི་དྲག་ཤུགས་ལས་ལྷག་པའི་ཐབས་ལམ་ཞིག་ཡིན་ཟེར།

ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ལེ་པཱ་ནུན་གྱིས་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཐེངས་འདི་གྲོས་ཚོགས་རྩ་འཛུགས་བྱས་པ་དང་ཚོགས་ཞུགས་ཕྱོགས་ཁག་སོ་སོར་བཀའ་དྲིན་ཞུས། ཁོས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། ཁྱད་པར་དུ་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སྡོད་དམངས་དག་ཡུལ་འཁྱམས་བྱེད་པའི་གནས་ཚུལ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།