དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་འཐབ་འཁྲུག་དེ་མཇུག་སྒྲིལ་སྲིད་པའི་ཚུལ་བསྟན།
2024.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་འཐབ་འཁྲུག་དེ་མཇུག་སྒྲིལ་ཡང་སྲིད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཧཱ་ལའེ་ཝེ་ཡིས་ཚེས23ཉིན་ཅཱ་ཧྲ་ས་ཁུལ་ནས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་མ་ལག་གཏོར་བཤིག་བཏང་ཡོད་པས། བྱང་ཕྱོགས་ས་ཁུལ་ནས་ཀྲིན་ཀྲུའུ་ཏང་བར་གྱི་འཐབ་འཁྲུག་དེ་ཡང་མཇུག་སྒྲིལ་ངེས་ཡིན་ཟེར།

གཞན་ཡང་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས24ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད3བར། ཀྲིན་ཀྲུའུ་ཏང་གིས་ལེ་པཱ་ནུན་གྱི་མངའ་ཁོངས་ནས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ120ཙམ་གཏོང་འཕེན་བྱས་ཡོད་ཟེར། དབྱི་སི་རལ་གྱི་མཁའ་དམག་གིས་འདས་པའི་ཉིན་གཅིག་གི་ནང་ལེ་པཱ་ནུན་མངའ་ཁོངས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་བཅུ་ཕྲག་འགར་འཇབ་རྒོལ་བྱས་པ་དང་། དེའི་ནང་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་སྤྱད་ཀྱི་སྒྲིག་ཆས་དང་མཚོན་ཆ་གསོག་ཉར་བྱེད་སའི་སྒྲིག་ཆས། ཀྲིན་ཀྲུའུ་ཏང་གི་རྨང་གཞིའི་སྒྲིག་ཆས་གཞན་པ་སོགས་འདུས། དབྱི་སི་རལ་གྱི་ས་ངོས་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་གསང་འཕྲིན་ཡང་དག་གཞིར་བཟུང་ནས་ཚད་ཡོད་ཅིང་དམིགས་སའི་རང་བཞིན་ལྡན་པའི་བྱེ་བྲག་གི་ས་ངོས་ཀྱི་འཇབ་རྒོལ་བྱ་འགུལ་སྤེལ་བཞིན་ཡོད་པ་རེད།

ཡེ་ལུའུ་སཱ་ལེམ་དུ་སྡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་ནང་སྒྲིག་སྦྱོར་བྱས་པའི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། དབྱི་སི་རལ་བྱང་ཕྱོགས་ཀྱི་ཨ་ཁཱ་དང་ཚེ་ཧྥ་ཐི། ཅཱ་ལེ་ལེ་མཚོ་འགྲམ་ས་ཁུལ་བཅས་སུ་མཁའ་སྲུང་ཉེན་བརྡ་ཡང་ཡང་གྲགས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།