སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ས་ཁུལ་མང་བོར་འཁྲུག་རྩོད་བྱས་ཏེ་མི་སེར་དཀྱུས་མ15རྐྱེན་ལམ་དུ་ཤོར།
2024.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས24ཉིན་རྒྱལ་ཁབ་དེའི་རྒྱལ་ས་ཁཱ་ཐུའུ་མུའུ་ས་ཁུལ་དང་དབུས་ཕྱོགས་ཀྱི་འཐབ་ཕྱོགས་མང་བོ་ནས་འཁྲུག་རྩོད་དྲག་པོ་བྱས་ཏེ། བསྡོམས་པས་མི་སེར་དཀྱུས་མ15རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

ཁཱ་ཐུའུ་མུའུ་མངའ་སྡེའི་འཕྲོད་བསྟེན་པུའུ་ཡིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཁཱ་ཐུའུ་མུའུ་ནུབ་ཕྱོགས་ཀྱི་ཨིན་ཐུའུ་མན་གྲོང་ཁྱེར་གྱི་སྡོད་ཁུལ་མང་བོར་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ཏེ། མི4རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི27ལ་རྨས་ཕོག་ཟེར།

སུའུ་ཏན་དམངས་ཁྲོད་ལས་ཁུངས་སུའུ་ཏན་སྨན་པའི་དྲ་བས་ཚེས24ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་དབུས་ཕྱོགས་ཀྱི་ཅེ་ཅི་ལཱ་མངའ་སྡེའི་མཱ་ཁི་ནོའུ་ཨིན་སྡེ་བར་འཇབ་རྒོལ་བྱས་ཏེ། མི11རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གི་ཁོངས་སུ་གཏོགས་པའི་སྨྱན་བྱད་ཀྱིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་དབུས་ཕྱོགས་ཀྱི་སིན་ནཱ་ཨར་མངའ་སྡེའི་བྱང་ངོས་ཀྱི་སུའུ་ཅི་གྲོང་ཁྱེར་འཕྲོག་ལེན་བྱས་པ་དང་། སྔ་ཉིན་སུའུ་ཏན་དྲག་ཆས་དམག་དཔུང་གིས་མངའ་སྡེ་དེའི་ཏེན་ཏི་ཨར་གྲོང་ཁྱེར་ཡང་བསྐྱར་འཕྲོག་ལེན་བྱས་པ་ཁྱབ་བསྒྲགས་བྱས།

ད་ལོའི་ཟླ7པར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སུའུ་ཅི་གྲོང་ཁྱེར་དང་བཅས་པའི་སིན་ནཱ་ཨར་མངའ་སྡེའི་ས་ཁུལ་མང་ཆེ་བ་བཙན་བཟུང་བྱས། ཉེ་སྔོན་སུའུ་ཏན་དྲག་ཆས་དམག་དཔུང་གིས་མངའ་སྡེ་དེར་རྒོལ་ལན་སྤྲད་དེ། ཅེ་པེ་ལེ་མུའུ་ཡཱ་དང་ཏེན་ཏི་ཨར་གྲོང་ཁྱེར་སོགས་ས་ཆའི་ཚོད་འཛིན་དབང་ཆ་ཡང་བསྐྱར་འཕྲོག་ལེན་བྱས། མིག་སྔར་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སྔར་བཞིན་ལྟེ་གནས་གྲོང་ཁྱེར་ཞིན་ཅཱ་བཙན་བཟུང་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ས་ཁུལ་གྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་མཐུན་སྦྱོར་དཔོན་པོ་སཱ་ལཱ་མུས་ཀྱིས་ཚེས24ཉིན་སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འོས་འགན་ལག་བསྟར་བྱས་ཤིང་། དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པ་དང་། མི་སེར་དཀྱུས་མ་དང་དེའི་ལ་རྒྱ་ཡོད་པའི་འཚོ་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།