མའོ་ཞི་ཁོའི་ལྷོ་ཕྱོགས་ནག་ཉེས་སྡེ་ཚོགས་ཀྱིས་འཁྲུག་རྩོད་བྱས་ནས་མི7རྐྱེན་ལམ་དུ་ཤོར།
2024.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

མའོ་ཞི་ཁོའི་ཉིན་རེའི་ཚགས་པར་གྱིས་ཚེས24ཉིན་བསྒྲགས་པ་ལྟར་ན། མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་ཀི་ལོས་ལོ་མངའ་སྡེའི་ནག་ཉེས་སྡེ་ཚོགས་བར་ཉིན་དེར་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པ་ནས་བཟུང་། ནག་ཉེས་སྡེ་ཚོགས་མི་འདྲ་བས་ཀི་ལོས་ལོ་མངའ་སྡེའི་ཐི་ཁི་ཕན་གྲོང་ཁྱེར་ནས་འཁྲུག་རྩོད་བྱས་པ་དང་། ཉུང་མཐར་ཡང་ཉེན་རྟོག་པ3དང་དྲག་ཆས་ཉེས་ཅན4རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་སེར་དཀྱུས་མ་རེ་འགར་རྨས་ཕོག

ཀི་ལོས་ལོ་མངའ་སྡེའི་སྲིད་གཞུང་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། མའོ་ཞི་ཁོའི་དམག་ཕྱོགས་དང་ཀི་ལོས་ལོ་མངའ་སྡེའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་མཉམ་དུ་འགུལ་སྐྱོད་སྤེལ་ནས། མང་ཚོགས་ཀྱི་བདེ་འཇགས་དང་སྒྲིག་ལམ་སླར་གསོ་བྱེད་པར་སྲུང་སྐྱོབ་བྱས། ཉིན་དེའི་སྔ་དྲོར། ས་དེའི་གནས་བབ་ལ་ཚོད་འཛིན་ཐུབ་ཡོད།

ཉེ་སྔོན་ཀི་ལོས་ལོ་མངའ་སྡེའི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། ཟླ10པའི་ཚེས6ཉིན། མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཆི་ཨར་ཕན་ཞིན་ཀི་གྲོང་ཁྱེར་གྱི་ཧྲི་ཀྲང་ཨ་ཁི་སི་ལྐོག་གསོད་ཐེབས་པ་བདེན་དཔང་ཐོབ་ཡོད་ལ། ཁོས་ཧྲི་ཀྲང་གི་འགན་ཁུར་ནས་གཟའ་འཁོར་གཅིག་ལས་འགོར་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།