ཨེ་ཅིབ་ཀྱི་སྨྱན་བྱད་ལས་སྤེལ་བའི་གནས་ཚུལ་ལྟར་ན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སིའི)འཐུས་ཚབ་ཚོགས་པས་ཚེས24ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་ཨེ་ཅིབ་ཀྱི་དཔོན་རིགས་དང་ཐུག་འཕྲད་བྱས། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར།དབྱི་སི་རལ་གྱིས་འཐུས་མི་ཚོགས་པ་ཁ་ཐར་དུ་མངགས་ནས་འདུམ་སྒྲིག་བྱེད་མཁན་ཕྱོགས་དང་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པར་སླར་ཡང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
འདུམ་སྒྲིག་ཕྱོགས་ཀྱིས་ཧ་མ་སིའི་འགོ་ཁྲིད་པ་ཡེ་ཧའེ་ཡ·ཞིན་ཝ་འར་འདས་པ་དེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་བར་བརྒྱུད་གྲོས་མོལ་སླར་གསོ་བྱེད་པ་དང་།ཐ་ན་གྲོས་མཐུན་འཇོག་པའི་གོ་སྐབས་ཤིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཟླ10ཚེས23ཉིན།མི་རྣམས་ཀྱིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་སི་ནས་ད་དུང་ཚོང་གཉེར་བྱེད་པའི་བག་ལེབ་ཚོང་ཁང་ནས་བག་ལེབ་ཉོ་བཞིན་པ།
ཁེ་རོའི་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨེ་ཅིབ་ཀྱི་བདེ་འཇགས་དཔོན་རིགས་ཀྱིས་ཁེ་རོ་ནས་ཧ་མ་སིའི་འཐུས་ཚབ་ཚོགས་པ་དང་ཐུག་འཕྲད་བྱས་པ་རེད། ཧ་མ་སིས་ཚོད་འཛིན་བྱས་པའི་ཨ་ཁེ་ས་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྱང་ཁ་ཐར་དུ་སྡོད་པའི་ཧ་མ་སིའི“འགོ་ཁྲིད་གཉིས་པ”ཧ་ལི་ལེ·ཧ་ཡ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པས་ཁེ་རོར་འཚམས་འདྲི་བྱས་པ་དང་། ཨེ་ཅིབ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཧ་སང·མ་ཧ་མའོ་ཏེ·ལ་ཧྲ་ཏི་དང་ཐུག་འཕྲད་བྱས་པ་ར་སྤྲོད་བྱས།
མིང་བཤད་མི་འདོད་པའི་ཧ་མ་སིའི་དཔོན་རིགས་ཤིག་གིས་ཧྥ་རན་སིའི་གསར་འགྱུར་ཁང་ལ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པའི་རིང་དུ། ཅ་ཧྲའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དང་འབྲེལ་བ་ཡོད་པའི“བསམ་ཚུལ་དང་གྲོས་གཞིར”གྲོས་བསྡུར་བྱས་པ་དང་། ཧ་མ་སིས་དམག་མཚམས་འཇོག་རྒྱུའི་འདུན་པ་བསྟན་པར་མ་ཟད། དུས་མཚུངས་སུ་དབྱི་སི་རལ་ཅ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་རྒྱུའི་རེ་བ་རྒྱུན་འཁྱོངས་བྱས་འདུག་ཟེར།
འདི་ནི་ཟླ10པའི་ཚེས19ཉིན་ཅ་ཧྲ་ས་ཁུལ་ནས་བླངས་པའི་ཅ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་ཀྱི་ཅེ་པ་ལི་ཡེའི་ཡུལ་གྱར་བའི་མངས་ཚོགས་རེད།
ཧ་མ་སིའི་མཐོ་རིམ་ཁོངས་མི་ཝུའུ་ས་མ·ཧ་མུའུ་ཏན་གྱིས་ལེ་པ་ནོན་གྱི“ཐང་ཆེན”བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧ་མ་སིའི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད་པ་སྟེ། “དབྱི་སི་རལ་གྱིས་བཙན་འཛུལ་བྱེད་མཚམས་བཞག་ནས་ཚང་མ་ཕྱིར་འཐེན་བྱས་ཚེ། གཞི་ནས་ཧ་མ་སིས་བཀག་ཉར་བྱས་ཡོད་པའི་མི་ཚང་མ་ཕྱིར་གཏོང་སྲིད་ཅེས་བསྐྱར་བཤད་བྱས་ཡོད་པ་རེད།
ཚེས24ཉིན།དབྱི་སི་རལ་གྱི་ཙུང་ལི་པེན་ཡ་མིན·ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། ཁོས་ཨེ་ཅིབ་ཕྱོགས་ཀྱིས་དམག་མཚམས་འཇོག་པའི་གྲོས་མོལ་ཡང་བསྐྱར་བྱ་རྒྱུར་སྐུལ་འདེད་བཏང་བར་དགའ་བསུ་ཞུས་པ་ཡིན་ཟེར། དབྱི་སི་རལ་གྱིས་དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་ལས་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་གིས་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཚེས་27ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧར་སོང་སྟེ་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་དང་ཁ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཐུག་འཕྲད་བྱས་ཏེ།ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་སླར་གསོ་བྱེད་པར་གྲོས་བསྡུར་བྱ་རྒྱུ་ཡིན་ཟེར།
ཨ་རི་དང་ཁ་ཐར་ཕྱོགས་ཀྱིས་ཀྱང་སྐོར་ཐེངས་གསར་པའི་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཁ་ཐར་དུ་བྱ་རྒྱུ་ཡིན་པ་ར་སྤྲོད་བྱས་ཡོད།
ཨ་རིའི་རྒྱལ་སྲིད་བློན་ཆེན་ཨན་ཏུང་ཉི·པུའུ་ལིན་ཁེན་གྱིས་ཚེས24ཉིན་ཏོ་ཧར་འཚམས་འདྲི་བྱས་པ་དང་དེའི་རྗེས་སུ་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་སོང་པ་རེད། ཁོས་དེ་ནས་ལེ་པ་ནོན་གྱི་ཙུང་ལི་དང་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་བཅས་དང་ཐུག་འཕྲད་བྱེད་རྒྱུ་རེད། ཨ་རིས་ཅོར་ཏན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ཁྲོད་ནུས་པ་འདོན་རྒྱུའི་རེ་བ་བྱེད་བཞིན་ཡོད།
ཟླ10པའི་ཚེས17ཉིན།དབྱི་སི་རལ་རྒྱལ་སྲུང་དམག་གི་སྤྱི་ཁྱབ་ཚན་མོའུ་ཀྲང་ཧ་ལའེ་ཝེ(ཀྲུང་དབྱང)ཡིས་ཅ་ཧྲ་ས་ཁུལ་གྱི་ཞིན་ཝ་འར་ཤི་སའི་ཉེ་འགྲམ་དུ་ལྟ་ཞིབ་བྱེད་བཞིན་པ།
པུའུ་ལིན་ཁེན་གྱིས་བཤད་རྒྱུར། འདུམ་སྒྲིག་ཕྱོགས་ཀྱིས“འཚོལ་ཞིབ་བྱ་རྒྱུའི(ཅ་ཧྲའི་དམག་མཚམས་འཇོག་པའི)གདམ་ག་གསར་པ་འཚོལ་ཞིབ”བྱ་རྒྱུ་ཡིན་པ་དང་། ཁོ་ཚོས“དབྱི་སི་རལ་གྱིས་དམག་དཔུང་ཕྱིར་འཐེན་བྱེད་དུ་འཇུག་ཐུབ་པ་མ་ཟད། ཧ་མ་སི་བསྐྱར་སྒྲིག་བྱེད་དུ་འཇུག་ཐུབ་པའི”ཇུས་གཞི་གསར་པ་ཞིག་འདོན་པར་རེ་བ་བྱེད་བཞིན་ཡོད་ཟེར།
ཨེ་ཅིབ་དང་ཁ་ཐར། ཨ་རི་བཅས་ཀྱིས་སྔོན་ཆད་བཏོན་པའི་དམག་མཚམས་འཇོག་པའི་ཇུས་གཞི་ད་ལྟའི་བར་དོན་འཁྱོལ་བྱུང་མེད་པ་དང་། དབྱི་སི་རལ་དང་ཧ་མ་སིས་ཐེངས་མང་པོར་ཕ་རོལ་པོས་གྲོས་མཐུན་འཇོག་པར་འགོག་རྐྱེན་བཟོས་འདུག་ཅེས་ཕན་ཚུན་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད། ཨ་རི་དང་དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཞིན་ཝ་འར་གྱིས་ཐོག་མཐའ་བར་གསུམ་དུ་དམག་མཚམས་འཇོག་པའི་གྲོས་མཐུན་ལ་ཡིད་འཐད་བྱེད་ཀྱི་མེད་པ་དེ་ནི་གྲོས་མཐུན་འཇོག་པའི་རྩ་བའི་འགོག་རྐྱེན་ཞིག་རེད་ཟེར།
ཁ་ཐར་གྱི་དཔོན་རིགས་ཀྱིས་ཞིན་ཝ་འར་འདས་རྗེས་ཁ་ཐར་ཕྱོགས་ཀྱིས་ཧ་མ་སིའི་མཐོ་རིམ་དང“སླར་ཡང་འབྲེལ་གཏུག་བྱས་ཡོད”ཟེར།
སླར་ཡང་གྲོས་མོལ་བྱེད་འགོ་བརྩམས་པ་དང་མཉམ་དུ། དབྱི་སི་རལ་གྱིས་གཡུལ་སའི་སྟེང་ཧ་མ་སིར་མུ་མཐུད་དུ་གནོན་ཤུགས་སྤྲད་ཡོད། དབྱི་སི་རལ་དམག་དཔུང་གིས་ཟླ་འདིའི་ཟླ་འགོར་ཅ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་ནས་ཕར་རྒོལ་གསར་བ་ཞིག་བྱས་ཡོད་པ་དང་། ཅ་ཧྲ་ས་ཁུལ་གྱི་དམངས་འགོག་སྡེ་ཁག་གིས་བཤད་པ་ལྟར་ན། ཕ་ལེ་སི་ཐན་པ770ལྷག་ཙམ་ཐེངས་འདིའི་དབྱི་སི་རལ་དམག་དཔུང་གི་ཕར་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། དབྱི་སི་རལ་གྱི་དམག་གིས་བཤད་རྒྱུར། ཧ་མ་སིས་ཅ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་སུ་དམག་ཤུགས་བསྐྱར་སྒྲིག་བྱེད་རྩིས་བྱེད་བཞིན་ཡོད། ཐེངས་འདིའི་དམག་འཐབ་ཀྱི་དམིགས་ཡུལ་ནི་ཧ་མ་སིའི་དམག་འཐབ་ཀྱི་ནུས་པ་མེད་པར་བཟོ་རྒྱུ་དེ་ཡིན་ཟེར།
དབྱི་སི་རལ་གྱི་དམག་གིས་ཚེས24ཉིན། ད་དུང་ཅ་ཧྲ་ས་ཁུལ་གྱི་དཀྱིལ་རྒྱུད་ཀྱི་སློབ་གྲྭ་ཞིག་ལ་མཁའ་རྒོལ་བྱས་ཏེ་མི17བསད། དབྱི་སི་རལ་གྱི་དམག་གིས་རྡུང་རྡེག་གི་དམིགས་འབེན་ནི་སློབ་གྲྭའི་ནང་དུ་སྦས་པའི་ཧ་མ་སིའི་དྲག་ཆས་མི་སྣ་ཡིན་ཟེར།
ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས24ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།ན་ནིང་གི་ཟླ་བ་བཅུ་པར་སྐོར་ཐེངས་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་བྱུང་བ་ནས་བཟུང་།དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བས་ཕ་ལེ་སི་ཐན་བ་ཁྲི་4.3ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་དང་།མི་འབུམ་གཅིག་ལྷག་ཙམ་ལ་རྨས་ཕོག་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།