སུའུ་ཏན་དབུས་རྒྱུད་ཀྱི་གྲོང་ཚོ་ཞིག་ལ་འཇབ་རྒོལ་ཐེབས་ནས་མི50ཙམ་རྐྱེན་ལམ་དུ་ཤོར།
2024.10.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 7

《སུའུ་ཏན་གླེང་སྟེགས་ཚགས་པར》སྟེང་ཚེས25ཉིན་བཀོད་པའི་གནས་ཚུལ་ལྟར་ན།  སུའུ་ཏན་དབུས་རྒྱུད་ཀྱི་ཅེ་ཅི་ལ་མངའ་སྡེའི་གྲོང་ཚོ་ཞིག་ལ་ཉིན་དེར་འཇབ་རྒོལ་ཐེབས་ནས་མི50ཙམ་རྐྱེན་ལམ་དུ་ཤོར་བ་དང་མི200ལ་རྨས་ཕོག་ཡོད་ཟེར།

གནས་ཚུལ་དེའི་ནང་ཅེ་ཅི་ལ་མངའ་སྡེའི་དམངས་ཁྲོད་རྩ་འཛུགས“ཅེ་ཅི་ལའི་ཚོགས་འདུའི”སྟེང་སྤེལ་བའི་གསལ་བསྒྲགས་དྲངས་པ་ལྟར་ན། ཚེས25ཉིན་གྱི་ནམ་གུང་།  སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་མངའ་སྡེ་དེའི་བྱང་རྒྱུད་ཀྱི་སའེ་ལི་ཧ་གྲོང་ཚོར་འཇབ་རྒོལ་བྱས་པས་གྲོང་མི་མང་པོ་ཞིག་ལ་ཤི་རྨས་བྱུང་ཡོད་པ་དང་། སྐྱོབ་བཅོས་བྱེད་མ་ཐུབ་པའི་དབང་གིས་མིག་སྔར་རྨས་མའི་གནས་ཚུལ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད།

ཉེ་ལམ་སུའུ་ཏན་གྱི་ས་གནས་རྩ་འཛུགས་མང་པོས་བཤད་རྒྱུར།  སུའུ་ཏན་གྱི་རོགས་སྐྱོར་མགྱོགས་མྱུར་དཔུང་སྡེའི་དབུས་རྒྱུད་བཀོད་འདོམས་དཔོན་ཅི་ཁེར་གྱིས་ཚེས20ཉིན་མངའ་འོག་གི་དཔུང་སྡེ་ཁྲིད་ནས།  སུའུ་ཏན་གྱི་དྲག་ཆས་དཔུང་སྡེར་མགོ་བཏགས་རྗེས།  སུའུ་ཏན་གྱི་རོགས་སྐྱོར་མགྱོགས་མྱུར་དཔུང་སྡེ་ཡིས་ཅེ་ཅི་ལ་མངའ་སྡེའི་ཤར་རྒྱུད་ཀྱི་གྲོང་ཚོ་དང་གྲོང་རྡལ་མང་པོར་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱས་པ་རེད། ཚེས25ཉིན།  སུའུ་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས།  སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་ཉེ་ལམ་ཅེ་ཅི་ལ་མངའ་སྡེ་ཡི་གྲོང་ཁྱེར་དང་གྲོང་ཚོ་མང་པོར་འཁོན་ལན་སློག་པའི་བྱ་སྤྱོད་སྤེལ་ནས་ འཇབ་རྒོལ་བྱས་པར་མང་ཚོགས་བརྒྱ་གྲངས་ཤི་རྨས་བྱུང་བ་དང་མི་སྟོང་ཕྲག་ཁ་ཤས་ཡུལ་གྱར་བྱེད་དགོས་བྱུང་ཡོད་པ་རེད་ཟེར།

སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་འཇབ་རྒོལ་དོན་རྐྱེན་དང་འབྲེལ་ཡོད་སྐྱོན་འདོན་ཞུ་གཏུག་ལ་ལན་ཅི་ཡང་བཏབ་མེད།

གཞན་ཡང་ཚེས25ཉིན།  ཁར་ཐུམ་མངའ་སྡེའི་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་མུའུ་ཧན་མོ་ཏི·དབྱི་པུའུ་ལ་ཞིན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ན་ནིང་ཟླ4བའི་ཚེས15ཉིན་ནས་བཟུང་།  ཁར་ཐུམ་མངའ་སྡེ་རུ་གདོང་ཐུག་དྲག་པོ་རྒྱུན་དུ་བྱུང་བ་ལས་མི4882རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཁྲི་གསུམ་སྟོང་གཉིས་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།   དེ་དག་ནི་གཞུང་བཙུགས་དང་སྒེར་བཙུགས་སྨན་བཅོས་སྒྲིག་གཞིས་ཐོ་འགོད་བྱས་པའི་ཤི་རྨས་བྱུང་བའི་མི་གྲངས་ཁོ་ན་ཡིན་མོད། དོན་དངོས་སུ་ཤི་རྨས་བྱུང་བའི་མི་གྲངས་དེ་ལས་མང་བ་རེད་ཟེར།

2023ལོའི་ཟླ4བའི་ཚེས15ཉིན།  སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་རྒྱལ་ས་ཁར་ཐུམ་དུ་དྲག་པོའི་གདོང་ཐུག་བསླངས་པ་ནས།  དམག་འཁྲུག་གི་མེ་ལྕེ་དེ་རིམ་བཞིན་ས་ཁུལ་གཞན་དུ་མཆེད་པ་རེད། ལོ་གཅིག་ལྷག་ཙམ་རྒྱུན་མཐུད་པའི་དྲག་ཆས་གདོང་ཐུག་གི་དབང་གིས་སུའུ་ཏན་གྱི་མི་ཁྲི་གཉིས་དང་སྟོང་བཞི་ལྷག་རྐྱེན་ལམ་དུ་ཤོར་བ་དང་།  མི་བྱེ་བ་གཅིག་དང་འབུམ་བཞི་ཁྲི་གཉིས་ལྷག་ཙམ་ཡུལ་གྱར་བར་གྱུར་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།