ཚེས24ཉིན། ཁ་ན་ཏ་མཉམ་འབྲེལ་སྲིད་གཞུང་གིས་གནས་སྤོར་སྡོད་དམངས་ཀྱི་མི་གྲངས་འཆར་གཞི་ཚད་ཆེ་བའི་སྒོ་ནས་ཇེ་ཉུང་དུ་བཏང་སྟེ། གནས་སྤོར་སྡོད་དམངས་སྲིད་ཇུས་སྔར་ལས་ཇེ་དམ་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
ཁ་ན་ཏའི་གནས་སྤོར་སྡོད་དམངས་དང་། ཡུལ་གྱར་བ། སྤྱི་དམངས་པུའུ་ཡིས་ཉིན་དེར2025ལོ་ནས2027ལོའི་གནས་སྤོར་སྡོད་དམངས་འཆར་གཞི་འགྲེམ་སྤེལ་བྱས། འཆར་གཞི་ལྟར་ན། སང་ལོར་ཁ་ན་ཏའི་དུས་གཏན་སྡོད་དམངས་ཀྱི་ཁ་གྲངས་དམིགས་འབེན་དེ་སྔོན་གྱི་འབུམ་ལྔ་ནས་འབུམ་གསུམ་ཁྲི་དགུ་དང་སྟོང་ལྔ་རུ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ལ། 2025ལོ་དང2027ལོ་སོ་སོར་མུ་མཐུད་དུ་འབུམ་གསུམ་ཁྲི་བརྒྱད་དང་འབུམ་གསུམ་ཁྲི་དྲུག་དང་སྟོང་ལྔ་རུ་ཇེ་ཉུང་དུ་གཏོང་རྒྱུ་རེད། ཁ་ན་ཏའི་མི་གྲངས་དེ2025ལོ་དང་2026ལོར་ལོ་ངོ150རིང་ཐོག་མར་མར་འགྲིབ་པའི་སྣང་ཚུལ་བྱུང་སྟེ། ཆ་སྙོམས་ཀྱིས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་བར་ཇེ་དམའ་རུ་འགྲོ་རྒྱུ་རེད།
དེ་ལས་གཞན། ཁ་ན་ཏ་སྲིད་གཞུང་གིས་ད་དུང་འཆར་གཞི་བཀོད་དེ2026ལོའི་ལོ་མཇུག་སྔོན་དུ། གནས་སྐབས་སྡོད་དམངས་ཀྱི་མི་གྲངས་རང་རྒྱལ་ཁབ་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་ལྔ་བར་ཇེ་ཉུང་དུ་གཏོང་རྩིས་ཡོད། ད་ལོའི་དུས་ཚིགས་གཉིས་པའི་བར་གྱི་གཞི་གྲངས་གསར་པ་ལས་མངོན་པ་ལྟར་ན། ཁ་ན་ཏ་རུ་གནས་སྐབས་སྡོད་དམངས་ས་ཡ་གཉིས་དང་འབུམ་བརྒྱད་ཙམ་ཡོད་ཅིང་། དེས་ཁ་ན་ཏའི་མི་གྲངས་ལས་བརྒྱ་ཆའི་དྲུག་དང་གྲངས་ཆུང་བརྒྱད་ཟིན་ཡོད།
ཁ་ན་ཏ་སྲིད་གཞུང་གིས་ཉེ་བའི་ལོ་འགའི་རིང་ཕྱི་འགྲིམ་སློབ་མ་དང་། རྒྱལ་ཁོངས་གཞན་པའི་ངལ་རྩོལ་པ་སོགས་གནས་སྐབས་སྡོད་དམངས་མང་པོ་བསྡུ་ལེན་བྱས་ཏེ། དུས་ཡུན་ཐུང་ངུའི་དཔལ་འབྱོར་འཕར་ནུས་བསྐྱེད་ཅིང་། ངལ་རྩོལ་པའི་མི་འདང་ས་ཁ་གསབ་བྱས། བསྡོམས་རྩིས་ལྟར་ན། གནས་སྤོར་སྡོད་དམངས་རྒྱུན་ཆད་མེད་པར་བྱུང་བར་བརྟེན། 1867ལོའི་ཚུན་དུ། ཁ་ན་ཏའི་མི་གྲངས་ལོ་རེར་འཕར་སྣོན་འབྱུང་བའི་རྣམ་པ་སྲུང་འཛིན་བྱས་ཤིང་། ད་ལོའི་ཟླ4པར་མི་གྲངས་བྱེ་བ་བཞི་དང་ས་ཡ་གཅིག་ལ་སླེབས། 2023ལོར། གནས་སྤོར་སྡོད་དམངས་ཀྱིས་གསར་སྣོན་མི་གྲངས་ཀྱི་བརྒྱ་ཆའི་གོ་བརྒྱད་ཟིན་པ་དང་། དེའི་ཁྲོད་བརྒྱ་ཆའི་དྲུག་ཅུ་ནི་རྒྱལ་སྤྱིའི་ཕྱི་འགྲིམ་སློབ་མ་དང་རྒྱལ་ཁོངས་གཞན་པའི་ངལ་རྩོལ་པ་གཙོ་བྱས་པའི་གནས་སྐབས་སྡོད་དམངས་རེད། ཁ་ན་ཏའི་སྐྱོན་བརྗོད་མཁན་གྱིས་བལྟས་ན། གནས་ཚུལ་འདིས་ཁ་ན་ཏའི་སྡོད་ཁང་དང་། ལས་ཞུགས། སྨན་བཅོས་སོགས་ཀྱི་ཐད་གནོན་ཤུགས་སྟེར་བ་དང་། གནས་སྤོར་སྡོད་དམངས་ལ་རྒོལ་བའི་གཏམ་བཤད་དང་བྱ་སྤྱོད་ཡང་དེར་བསྟུན་གྱིས་ཇེ་མང་དུ་འགྲོ་བར་འདོད།
ཁ་ན་ཏ་རྒྱལ་ཕྲན་མཉམ་འབྲེལ་གྱི་འདེམ་བསྐོ་ཆེན་མོ་དེ་ཆེས་འགོར་ན་ཡང་སང་ལོའི་ཟླ་བཅུ་པའི་བར་སྤེལ་རྒྱུ་ཡིན་ལ། སྲིད་འཛིན་ཏང་རང་དབང་ཏང་དེ་དམངས་ཁྲོད་རྟོག་ཞིབ་རིགས་སྣ་མང་པོའི་ཁྲོད་རྗེས་ལུས་སུ་གྱུར་ཡོད་པས་རྒྱབ་སྐྱོར་བྱེད་ཚད་ཇེ་མཐོར་གཏོང་ཆེད། ཁ་ན་ཏ་སྲིད་གཞུང་གིས་ཉེ་ལམ་གནས་སྤོར་སྡོད་དམངས་ལ་བཀག་རྒྱ་བཟོ་བའི་སྲིད་ཇུས་སྣ་མང་འདོན་བཞིན་ཡོད། དཔལ་འབྱོར་མཁས་པ་དང་གནས་སྤོར་སྡོད་དམངས་ལ་རྒྱབ་སྐྱོར་བྱེད་པའི་མི་སྣ་ཁ་ཤས་ཀྱིས་བལྟས་ན། ཁ་ན་ཏ་སྲིད་གཞུང་གིས་གནས་སྤོར་སྡོད་དམངས་དང་དཔལ་འབྱོར་ཞན་ཆའི་བར་གྱི་འབྲེལ་བ་སྟབས་བདེ་བཟོས་དྲག་པས། དཔལ་འབྱོར་གནད་དོན་ཡོད་ཚད་གནས་སྤོར་སྡོད་དམངས་ལ་ཁག་དཀྲི་མི་རུང་བར་འདོད།
ཤ་བོ་རིན་མཚོས་བསྒྱུར།