ཟླ10པའི་ཚེས22ཉིན། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེ་ཨར་གྱིས་ཧ་ཝ་ན་རུ་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཁུ་པར་འཚམས་འདྲི་བྱས་པ་དང་། ཀྲུང་གོ་དང་ཁུ་པའི་ཏང་གཉིས་ཀྱི་སྐབས་དྲུག་པའི་རིགས་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་དང་ཐུག་འཕྲད་བྱས།
ལི་ཧྲུའུ་ལེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཏི་ཡ་སི-ཁ་ནེ་ཨར་ལ་བྱམས་བརྩེའི་འཚམས་འདྲི་གནང་བཞིན་པ་བརྒྱུད་བསྒྲགས་བྱས། ལི་ཧྲུའུ་ལེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཧྲུའུ་ཅི་དང་པོ་ཏི་ཡ་སི-ཁ་ནེ་ཨར་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་མོས་མཐུན་ཆེན་པོ་བྱུང་ཡོད་པ་དང་། དེས་ཀྲུང་གོ་དང་ཁུ་པའི་ཡུན་རིང་གི་མཛའ་བརྩེ་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ནས་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། མཛའ་བརྩེའི་མཉམ་ལས་རྒྱ་ཆེར་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད།
ཏི་ཡ་སི-ཁ་ནེ་ཨར་གྱིས་ལི་ཧྲུའུ་ལེ་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུས་ཤིང་། ཁུ་པ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་གྱི་མཛའ་བརྩེའི་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་བྱས་ལ། ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཏང་གཉིས་ཀྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཁུ་པ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད།
ཁུ་པར་འཚམས་འདྲི་བྱེད་སྐབས། ལི་ཧྲུའུ་ལེ་ཡིས་ད་དུང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་བཞེས་པའི་ལཱ་སའོ་དང་ཐུག་འཕྲད་བྱས། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་ཀྱི་ཧྲུའུ་ཅི་མོ་ལཱ་ལའེ་སི་དང་གྲོས་མོལ་བྱས། ཁུ་པའི་གསར་བརྗེའི་འགོ་ཁྲིད་པ་ལའོ་ཨར·ཁཱ་སི་ཐི་ལཱོ་ལ་འཚམས་འདྲི་བྱས། “སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས། ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཀྲུང་གོ་དང་ཁུ་པའི་ཏང་གཉིས་ཀྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པ་ཚེས23ཉིན་ཧ་ཝ་ན་རུ་བསྡུས་པ་དང་། ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་པ་མ་ཟད་གཙོ་དོན་སྙན་ཞུ་ཕུལ།
ཤ་བོ་རིན་མཚོས་བསྒྱུར།