ཀྲང་ཡིའུ་ཞ་ཡིས་ཡོ་ནན་ལ་འཚམས་འདྲི་བྱས།
2024.10.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཚེས24ཉིན་ནས་ཚེས26ཉིན་བར།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཡོ་ནན་དུ་འཚམས་འདྲིར་སོང་བ་དང་།  ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་། སྲིད་གཞུང་གི་ཙུང་ལི་ཧྥན་མེན་ཀྲིན་བཅས་ཀྱིས་སོ་སོར་ཐུག་འཕྲད་བྱས། སུའུ་ལིན་གྱིས་ཀྲང་ཡིའུ་ཞ་གདན་དྲངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་བྱས།  ཡོ་ནན་ཕྱོགས་ཀྱིས་བསྟན་དོན།  ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་གསར་བརྗེའི་བྱ་གཞག་ལ་འབྲེལ་བ་དམ་པོ་ཡོད་པ་དང་། ཡོ་ནན་གྱིས་མི་རིགས་རང་བཙན་བརྩོན་ལེན་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁྲོད།  ཀྲུང་གོས་རོགས་རམ་ཧ་ཅང་ཆེན་པོ་བྱས་པ་བློ་ལ་བརྟན་པོར་བཅངས་ནས།  ཀྲུང་གོའི་བར་གྱི་མཛའ་བརྩེའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་ཀྱི་གདམ་ག་དང་བྱ་བ་གཙོ་བོར་བརྩིས་ནས།  ཀྲུང་གོ་གཅིག་གི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་རྒྱུ་ཡིན། མིག་སྔར་ཕྱོགས་གཉིས་ཀྱི་འགོག་སྲུང་ལས་དོན་གྱི་འབྲེལ་བར་གོམ་སྟབས་གསར་པ་སྤོས་ཡོད། མུ་མཐུད་དུ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འཇིགས་སྐུལ་དང་འགྲན་སློང་ལ་མཐུན་སྒྲིལ་ངང་ཁ་གཏད་གཅོག་པ་བཅས་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། ཀྲང་ཡིའུ་ཞ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སུའུ་ལིན་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་བྱས།  ཁོས་བསྟན་དོན།  ཀྲུང་གོ་ཕྱོགས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས། དམག་དཔུང་གཉིས་བཅས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་གཅེས་སྤྲས་བྱས་ཏེ། ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་བར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འཚམ་པ་དང་དུས་རབས་ཀྱི་གོ་སྐབས་ཁོང་དུ་ཆུད་པར་བྱེད་པ།  ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་པ། དམག་དཔུང་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་འདེགས་སྐྱོར་ནུས་ལྡན་བྱེད་འདོད་ཡོད། འཚམས་འདྲི་བྱེད་པའི་རིང་ལ་ཀྲང་ཡིའུ་ཞ་ཡིས་ད་དུང་ཡོ་ནན་གྱི་རྒྱལ་སྲུང་པུའུ་ཀྲང་ཕན་ཝུན་ཅང་དང་གྲོས་མོལ་བྱས་ནས།

རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་དང་དམག་དཔུང་གཉིས་ཀྱི་འབྲེལ་བའི་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་། འགོག་སྲུང་ལས་དོན་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་འབྲེལ་ཡོད་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་ནས་བདེན་དཔང་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།