ཁྲའོ་ཞན་གྱིས་ཨ་རིས་ཕྱེད་གླིང་དུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱས་ནས་དུས་བབ་ཛ་དྲག་ཏུ་བཏང་པར་རྒོལ་གཏམ་བཏང་།
2024.10.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས26ཉིན་སྤེལ་བའི་གནས་ཚུལ་ལྟར་ན།ཁྲའོ་ཞན་ཕྱི་དོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྲིད་ཇུས་ཁང་གི་འགོ་གཙོས་ཉིན་དེར་གཏམ་བཤད་སྤེལ་ནས།ཨ་རིས་ཉེ་ལམ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱེད་པ་སོགས་ཀྱི་སྙད་བརྐོ་བའི་བྱ་སྤྱོད་སྤེལ་ནས་ཕྱེད་གླིང་གི་དུས་བབ་ཛ་དྲག་ཏུ་བཏང་བར་རྒོལ་གཏམ་བཏང་།

གཏམ་བཤད་ལས་ཨ་རིས་འདི་ཟླའི་ཚེས21ཉིན་ནས་བཟུང་ཧན་གོ་དང་ཨོ་སི་ཁྲུ་ལི་ཡ་དང་མཉམ་འབྲེལ་གྱིས་ཚབ་རྟགས“རང་དབང་དར་ཆ”ཡིན་པའི་གཞི་ཁྱོན་ཆེ་བའི་མཉམ་འབྲེལ་མཁའ་ལམ་སྦྱོང་བརྡར་བྱས་པ་དེ་མཐའ་གཅིག་ཏུ་ཁྲའོ་ཞན་ལ་དམིགས་པ་ཞིག་རེད་ཅེས་ཡོངས་བསྒྲགས་བྱས། ཨ་རི་དང་ཧན་གོའི་དམག་དོན་སྦྱོང་བརྡར་གྱི་ཕར་རྒོལ་རང་བཞིན་དང་བཙན་འཛུལ་རང་བཞིན་སྔར་ལས་མངོན་གསལ་དུ་ཕྱིན་པ་དེ་ནི།ཁྲའོ་ཞན་ལ་སྔོན་རྒོལ་གཞན་འདུལ་གྱི་ཉེན་ཁ་ཧ་ཅང་ཆེ་བའི་དམག་དོན་གྱི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་སྤེལ་ཕྱིར་རེད་ཟེར།

དེ་ལས་གཞན་གཏམ་བཤད་ནང་ད་དུང་ཁྲའོ་ཞན་གྱིས་དེ་སྔོན་བཤད་པའི་ཧན་གོའི་མི་མེད་གནམ་གྲུའི་ནང་དུ་སིམ་འཛུལ་བྱས་པར་མ་ཟད་ཁྲའོ་ཞན་ལ་ངོ་རྒོལ་བྱེད་པའི་བསྒྲགས་ཡིག་བཀྲམ་པའི་སྐོར་ལ་ཁྲའོ་ཞན་ཕྱོགས་ཀྱིས“ཧན་གོས་སྙད་བརྐོ་བའི་བྱ་སྤྱོད་ཀྱི་རྒྱབ་ཏུ་ཡིབ་པའི་ཨ་རིའི་གཟུགས་བརྙན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད་ཡོད་པ་རེད། གཏམ་བཤད་ནང་ཨ་རིས“གཏམ་བརྗོད་རང་དབང”ཟེར་བར་བརྟེན་ནས།ཧན་གོར་ཁྲའོ་ཞན་གྱི་ས་ཁོངས་སུ་ཆབ་སྲིད་ཀྱི་བསྒྲགས་ཡིག་གི་སྟེགས་བུའི་རྒྱབ་ཤོག་ཏུ་མིང་རྟགས་བཀོད་པར་རྒོལ་གཏམ་བཏང་བར་མ་ཟད།ད་དུང་འཐབ་ཇུས་ཀྱི་མ་རྩ་ཡང་ཡང་བཀོད་སྒྲིག་དང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་རྒྱུན་ཆད་མེད་པར་བྱས་ནས་མནའ་མཐུན་རྒྱལ་ཁབ་ལ་སེམས་ཤུགས་ཆེན་པོ་སྐྱེད་པར་རྒོལ་གཏམ་བཏང་།

གཏམ་བཤད་ནང་གལ་ཏེ་ཁྲའོ་ཞན་ཕྱེད་གླིང་དུ་སུས་ཀྱང་མཐོང་འདོད་མེད་པའི་གནས་ཚུལ་ཐོན་ཚེ“འགན་འཁྲི་དེ་ས་ཁུལ་གྱི་ཛ་དྲག་གི་དུས་བབ་ཚབས་ཆེ་རུ་འགྲོ་བའི་བྱུར་ཉེས་བཟོ་མཁན་དང་སྐུལ་འདེད་གཏོང་མཁན་ཆེ་ཤོས་ཡིན་པའི་ཨ་རིས་འཁུར་དགོས”ཞེས་ཐ་ཚིག་བསྒྲགས་ཡོད་པ་རེད།

གཞན་ཡང་ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚེས24ཉིན་སྤེལ་བའི་གནས་ཚུལ་ལྟར་ན།ཧན་གོའི་མཁའ་དམག་གིས་ཉིན་དེར་ཧན་གོ་དང་ཨ་རིས་ཟླ་འདིའི་ཚེས21ནས་ཟླ11པའི་ཚེས1ཉིན་བར“རང་དབང་དར་ཆ”གཞི་ཁྱོན་ཆེ་བའི་མཉམ་འབྲེལ་མཁའ་དབྱིངས་དམག་དོན་སྦྱོང་བརྡར་བྱ་རྒྱུ་དང་།ཨོ་སི་ཁྲུ་ལི་ཡའི་མཁའ་དམག་གིས་མཁའ་དབྱིངས་སྣུམ་སྣོན་གནམ་གྲུ་བཏང་ནས་སྦྱོང་བརྡར་ནང་ཞུགས་རྒྱུ་ཡིན་པར་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།