ཚེས25ཉིན། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་སྨན་ཁང་ཞིག་དང་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་སིར་གློ་བུར་དུ་འཇབ་རྒོལ་བྱས་པས་སྨན་ཁང་ལ་འཇབ་རྒོལ་ཐེབས་ནས་བྱིས་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཧན་ཡིའུ་ཉི་སིར་གློ་བུར་དུ་འཇབ་རྒོལ་བྱས་པས་བྱིས་པ13དང་བཅས་པའི་མི38རྐྱེན་ལམ་དུ་ཤོར། ཚེས25ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མངགས་པ་ཡོན་ཝོའར་ཁེ·ཐུའུ་འར་ཁེ་ཡིས་ཅ་ཧྲའི་བྱང་རྒྱུད་དུ་དབྱི་སི་རལ་གྱི་དམག་དཔུང་གིས་བྱ་སྤྱོད་སྤེལ་བའི་དབང་གིས“མུན་པའི་དུས་སྐབས”སུ་འཕྲད་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད།
ཟླ10ཚེས21ཉིན། ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཞེ་ཧི་ལ་ཏི་བན་གྱི་སྨན་ཁང་དུ་སྐྱེས་པ་ཞིག་གིས་རྨས་སྐྱོན་ཕོག་པའི་བྱིས་པ་པང་དུ་བཟུང་ནས་བསྡད་ཡོད་པ།
ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཅེ་པ་ལི་ཡེ་སྐྱབས་བཅོལ་བའི་སྒར་སར་ཡོད་པའི་ཁ་མའེ་ལི·ཨ་ཏི་བན་སྨན་ཁང་ལ་ཚེས25ཉིན་གློ་བུར་དུ་འཇབ་རྒོལ་ཐེབས་པ་དང་། དེ་ནི་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་ཡོད་པའི་སྨན་ཁང་གསུམ་གྱི་གྲས་ཤིག་ཡིན་ཞིང་། དེར་ནད་པ་དང་སྨན་བཅོས་མི་སྣ། ཡུལ་གྱར་བ་བཅས་མི་600ལྷག་ཙམ་ཡོད་པ་རེད།
ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དབྱི་སི་རལ་གྱི་དམག་དཔུང་གིས་སྨན་ཁང་དུ་སྔོག་བཤེར་བྱས་པ་དང་ཚན་ཁག་མང་པོར་མེ་མདས་བརྒྱབ་པས་དངངས་འཚབ་ཆེན་པོ་སྐྱེས་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་བྱ་སྤྱོད་སྤེལ་བ་དེས་སྨན་ཁང་གི་གློག་གཏོང་འཕྲུལ་ཆས་ཀྱི་གློག་ཆད་པ་དང་། གསོ་རླུང་ས་ཚིགས་ལ་གཏོར་སྐྱོན་ཕོག་པས་ནད་གཞི་ཚབས་ཆེན་ཕོག་ནས་སྨན་ཁང་དུ་བསྡད་ཡོད་པའི་བྱིས་པ་གཉིས་ཀྱང་ཚེ་ལས་འདས།
ཅ་ཧྲའི་འཕྲོད་བསྟེན་སྡེ་ཁག་གིས་བཤད་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་སྨན་བཅོས་མི་སྣ་དང་ཁྱིམ་མེད་པའི་མི་མང་པོ་ཞིག་མཉམ་དུ་བསྡུས་ནས་ཁོ་ཚོར་བཙན་གྱིས་ལྭ་བ་ཕུད་དུ་བཅུག་སྟེ་མཚོན་ཆ་སྦས་ཡོད་མེད་ལ་ཞིབ་བཤེར་བྱས།
འདི་ནི་ཟླ10བའི་ཚེས19ཉིན། ཅ་ཧྲ་ས་ཁུལ་ནས་བླངས་པའི་ཅ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་ཀྱི་ཅེ་པ་ལི་ཡེའི་ཡུལ་གྱར་བའི་མང་ཚོགས་རེད།
དབྱི་སི་རལ་དམག་དཔུང་གིས་འགྲེལ་བཤད་བྱས་ནས་བཤད་རྒྱུར། གསང་འཕྲིན་ལས་མངོན་པ་ལྟར་ན། སྨན་ཁང་དེ་རུ་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དང་དམག་དོན་སྒྲིག་ཆས་སྦས་ཡོད་པ་དང་། སྨན་ཁང་ཡོད་སའི་ས་ཁོངས་སུ་ལས་འགན་སྒྲུབ་སྐབས་མེ་མདས་བརྒྱབ་ཡོད་མིན་གསལ་པོར་ཤེས་ཀྱི་མེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མངགས་པ་ཐུའུ་ཨེར་ཁེ་ཡིས་ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་དེ་ན་ནིང་གི་ཟླ10པ་ནས་བཟུང་བྱུང་བ་དང་། དེའི་རིང་ཅ་ཧྲ་ས་ཁུལ་དུ་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་པའམ་ཡང་ན་གར་སོང་ཆ་མེད་དུ་གྱུར་བའི་མི་འབུམ་གཅིག་དང་ཁྲི་ལྔ་ལྷག་ཙམ་ཡོད། དབྱི་སི་རལ་དམག་དཔུང་གིས་དམག་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་གྲངས་ཀ་དེ“གློ་བུར་དུ་འཕར་བའི”ཉེན་ཁ་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད།
ཐུའུ་ཨེར་ཁེ་ཡི་བཤད་སྟངས་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲའི་བྱང་རྒྱུད་དུ་རྒྱུན་ཆད་མེད་པར་འབར་མདེལ་འཕངས་ནས་མི་ཁྲི་བཅུ་ཕྲག་ཁ་ཤས་ཕྱིར་འཐེན་བྱེད་དགོས་པའི་བཀའ་བསྒྲགས་པ་དང་། ཕྱིན་ཆད་ཕ་ཡུལ་དུ་ཕྱིར་ལོག་ཐུབ་མིན་འགན་ལེན་བྱེད་ཐབས་བྲལ་བ་དེའི་ཐོག་ནས། དབྱི་སི་རལ་ཕྱོགས་ཀྱིས་ཅ་ཧྲའི་བྱང་རྒྱུད་དུ་ཉེན་ཁར་མི་འཛེམ་པར་གཙང་སེལ་བྱེད་བཞིན་པ་མཚོན་ཡོད། དབྱི་སི་རལ་དམག་དཔུང་གིས་ད་དུང་ཕ་ལེ་སི་ཐན་ཕྱོགས་ཀྱི་མང་ཚོགས་རྒྱུན་ཆད་མེད་པར་བཙན་ཉར་བྱེད་པ་དང་། ཁྱིམ་ཚང་ཁ་བྲལ་དུ་གཏོང་བ། བྲོས་བྱོལ་དུ་ཕྱིན་པའི་ཡུལ་མིར་མེ་མདའ་རྒྱག་པ་བཅས་བྱས་པས་ཅ་ཧྲའི་བྱང་རྒྱུད་ཀྱི་མང་ཚོགས་རྣམས་སྲོག་ཉེན་ལས་ཐར་བར་ཉེན་ཁ་ཧ་ཅང་ཆེན་པོར་འཕྲད་ཡོད།
ཟླ10བའི་ཚེས23ཉིན། མི་རྣམས་ཀྱིས་ཅ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་ཀྱི་ཅ་ཧྲ་གྲོང་ཁྱེར་ནས་རྒུད་སྐྱོབ་ཟས་རིགས་ལེན་བཞིན་པ།
དབྱི་སི་རལ་སྲིད་གཞུང་གི་གཡས་རུའི་དཔོན་རིགས་ཀྱིས་ཉེ་ལམ་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་གཞིས་ཆགས་ཁུལ་འཛུགས་སྐྲུན་བྱ་རྒྱུའི་ཡོངས་བསྒྲགས་བླང་བྱ་བཏོན་པ་དེས་དབྱི་སི་རལ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་གཞན་གྱི་འདོད་འདུན་ལས་ཅ་ཧྲའི་བྱང་རྒྱུད་དང་ཡ་གུ་དཱ་པའི་གཞིས་ཆགས་ཁུལ་གསར་སྐྲུན་བྱེད་འདོད་པའི་སེམས་ཁྲལ་བྱུང་ཡོད། དབྱི་སི་རལ་གྱི་སྨྱན་བྱད་ལས་སྤེལ་བའི་གནས་ཚུལ་ལྟར་ན། ་ཨ་རིའི་རྒྱལ་སྲིད་བློན་ཆེན་ཨན་ཏུང་ཉི·པུའུ་ལིན་ཁེན་གྱིས་ཚེས22ཉིན། དབྱི་སི་རལ་གྱི་ཙུང་ལི་པིན་ཡ་མིན·ནེ་ཐ་ཉི་ཡ་ཧུའུ་དང་ཐུག་འཕྲད་བྱེད་སྐབས་གོང་གསལ་གྱི་གནས་ཚུལ་དེ་དག་ཡོངས་བསྒྲགས་བྱས་ནས་གསལ་བཤད་བྱ་རྒྱུའི་རེ་བ་བཏོན་ཡང་ཕྱོགས་ཅིག་ཤོས་ཀྱིས་ལན་ཅི་ཡང་བཏབ་མེད་པ་རེད།
ཚེས25ཉིན། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཧན་ཡིའུ་ཉི་སིའི་ས་ཆ་མང་པོར་མཁའ་རྒོལ་དང་མེ་སྒྱོགས་འཕངས་ནས་མི38རྐྱེན་ལམ་དུ་ཤོར་བའི་ཁྲོད་བྱིས་པ13ནི་ཁྱིམ་ཚང་གཅིག་གི་ཁོངས་སུ་གཏོགས་པ་དང་། གཞན་ཡང་མི་བཅུ་གྲངས་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས25ཉིན། ཧན་ཡིའུ་ཉི་སིའི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡི་དྲག་ཆས་མི་སྣ་དང་དམག་དོན་སྒྲིག་ཆས་ལ་རྡུང་རྡེག་བཏང་ནས། ཅ་ཧྲའི་ལྷོ་རྒྱུད་དུ“འཇིགས་སྐུལ་པ་འགའ་ཞིག”མེད་པར་བཟོས་ཡོད་ཟེར།
ཅ་ཧྲ་ས་ཁུལ་གྱི་དམངས་འགོག་སྡེ་ཁག་གིས་པར་བླངས་པའི་བརྙན་ལམ་ནས་མངོན་པ་ལྟར་ན། རོགས་སྐྱོབ་མི་སྣས་ཧན་ཡིའུ་ཉི་སིའི་མང་ཚོགས་ཀྱི་སྡོད་ཁང་ཞིག་གི་འོག་ནས་ལུས་ཡོངས་ཁྲག་གིས་སྦགས་པའི་བྱིས་པ9རྙེད་པ་རེད། ས་གནས་དེའི་གྲོང་མིའི་བཤད་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་རྡུང་རྡེག་མ་བཏང་གོང་ས་གནས་དེའི་གྲོང་མིའི་སྡོད་ཁུལ་ལ་ཉེན་བརྡ་ཅི་ཡང་བཏང་མེད་པ་རེད།
ཐེངས་འདིའི་རྡུང་རྡེག་འགུལ་སྐྱོད་ཁྲོད་སཱ་ལེ་ཧི་ཧྥ་ལ་ཡི་གཉེན་ཉེ་མང་པོ་ཞིག་་རྐྱེན་ལམ་དུ་ཤོར་ཡོད་པ་རེད། ཁོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྐབས་དེར་ཁང་པ་ནི་དབྱི་སི་རལ་གྱི་དམག་གིས་འབར་མདེལ་འཕངས་པའི་འོག་ཡོམ་ཡོམ་དུ་འདར་བཞིན་ཡོད་པ་དང་། མི་རྣམས་ཁང་པའི་ནང་གབ་ནས་བསྡད་ཡོད། རྗེས་སུ་ཁོ་ལ་ཚོར་སྣང་ཅི་ཡང་མེད་པར་གྱུར་པ་དང་། དྲན་པ་སོས་རྗེས་རང་ཉིད་ཀྱི་ཁྱིམ་གཞིས་དེ་གཞི་ནས་ཞིག་རོར་གྱུར་ཡོད་པ་ཤེས། ཁོས་སྤུན་ཟླ་དང་ཨ་ཕ་མ་སླེབས་བར་དུ་སྲོག་སྐྱོབ་ཀྱི་སྐད་རྒྱུན་ཆད་མེད་པར་བརྒྱབ་པས་ཁོ་རང་ཞིག་རོའི་འོག་ནས་སྐྱོབ་ཐུབ་སོང་ཟེར། ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ་བ་བཅུ་པར་སྐོར་ཐེངས་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བར་བརྟེན་ཕ་ལེ་སི་ཐན་བ་ཁྲི4.3ཙམ་ཤི་བ་དང་མི་འབུམ་གཅིག་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།