ཨེ་ཅིབ་ཀྱིས་ཅ་ཧྲ་ས་ཁུལ་དུ་ཉིན་གཉིས་ཙམ་རིང་དམག་འཁྲུག་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན།
2024.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཚེས27ཉིན། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་བཤད་རྒྱུར། ཨེ་ཅིབ་ཀྱིས་ཅ་ཧྲ་ས་ཁུལ་དུ་ཉིན་གཉིས་ཙམ་རིང་དམག་འཁྲུག་མཚམས་བཞག་ནས། བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་མི་སྣ་བཞི་དང་བཀག་འཇུག་བྱས་པའི་ཕ་ལེ་སི་ཐན་གྱི་མི་སྣ་རེ་འགའ་བརྗེ་སྤོར་བྱེད་པར་སྟབས་བདེ་བཟོ་དགོས་པའི་གྲོས་གཞི་བཏོན་པ་ཡིན་ཟེར།

ཉིན་དེར་སའེ་ཞི་ཡིས་ཁེ་རོ་རུ་འཚམས་འདྲིར་ཡོང་བའི་ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འདས་པའི་ཉིན་འགའི་རིང་། ཨེ་ཅིབ་ཀྱིས་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་ཐད་འབད་པ་བྱེད་ཤུགས་ཇེ་ཆེར་བཏང་ནས། ཉིན་གཉིས་རིང་དམག་འཁྲུག་མཚམས་བཞག་སྟེ། བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་མི་སྣ་བཞི་དང་དབྱི་སི་རལ་གྱི་བཙོན་ཁང་དུ་བཀག་འཇུག་བྱས་པའི་ཕ་ལེ་སི་ཐན་གྱི་མི་སྣ་རེ་འགའ་བརྗེ་སྤོར་བྱེད་རྒྱུའི་གྲོས་གཞི་བཏོན་ཟེར། ཁོས་ད་དུང་བཤད་རྒྱུར། ཉིན་བཅུའི་ནང་གྲོས་མོལ་སྣ་མང་འགོ་བརྩམས་ཏེ། ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་ཕྱོགས་ཡོངས་ནས་མཚམས་འཇོག་པའི་དམིགས་ཡུལ་འབད་པས་མངོན་འགྱུར་བྱས་ནས་རོགས་སྐྱོབ་དངོས་རྫས་ཅ་ཧྲ་ས་ཁུལ་དུ་ཐོན་པར་ཁག་ཐེག་བྱ་དགོས་ཟེར།

སའེ་ཞི་ཡིས་ཨེ་ཅིབ་ཀྱིས་ཕ་ལེ་སི་ཐན་གྱི་མི་ཅ་ཧྲ་ས་ཁུལ་ནས་བཙན་ཤེད་ཀྱིས་ཁ་འབྲལ་དུ་འཇུག་པར་ངོ་རྒོལ་དྲག་པོ་བྱེད་པ་བསྐྱར་སྒྲོག་བྱས། ཁོས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་ཚབས་ཆེ་བའི་སྐོར་སྡོམ་དྲག་པོ་ཐེབས་པས་ལྟོགས་སྐོམ་གྱི་ཉེན་ཁར་འཕྲད་ཡོད། ཁོ་དང་ཐི་པིན་གཉིས་ཀྱིས་བལྟས་ན་ས་ཁུལ་གྱི་འགལ་བ་ཁྱབ་ཆེར་འགྲོ་བ་སྔོན་འགོག་དང་ལེ་པ་ནུན་གྱི་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པར་འདོད།

ཐི་པིན་གྱིས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་མི་དམངས་ལ་ཕྱོགས་ཡོངས་ཀྱི་རིགས་རྒྱུད་རྩ་མེད་གཏོང་བའི་གནོད་འཚེ་ཐེབས་བཞིན་ཡོད་ལ། ཁོས་ཨེ་ཅིབ་ཀྱིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཨར་ཅི་རི་ཡའི་ད་ལྟ་ཨེ་ཅིབ་དང་མཉམ་ལས་ཀྱིས་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་བྱེད་དགོས། ཁོས་ད་དུང་བཤད་རྒྱུར། ཨར་ཅི་རི་ཡའི་ད་ལྟ་རང་ནུས་ཅི་ལྕོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཐག་གཅོད་ཇུས་གཞི་གཏན་ཁེལ་བྱེད་ཐུབ་པར་སྐུལ་འདེད་གཏོང་བཞིན་ཡོད། ཅ་ཧྲ་ས་ཁུལ་གྱི་ཉམས་ཉེན་ཐག་གཅོད་ཇུས་གཞི་ནི1967ལོའི་མཐའ་མཚམས་རྨང་གཞི་བྱས་ཤིང་། ཡེ་ལུའུ་ས་ལེམ་ཤར་མ་རྒྱལ་སར་བྱས་པའི་ཕ་ལེ་སི་ཐན་གྱི་རྒྱལ་ཁབ་ཅིག་ཡིན་ཟེར།

འདས་པའི་ཟླ་ངོ་འགའི་ནང་། ཁ་ཐར་གྱི་རྒྱལ་ས་ཏོ་ཧ་དང་ཁེ་རོ་ནས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཐེངས་མང་སྤེལ་ཀྱང་། འགལ་བ་མཇུག་བསྒྲིལ་བའི་གྲོས་གཞི་ཞིག་གཏན་ཁེལ་བྱེད་ཐུབ་མེད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།