མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབུས་ཤར་ས་ཁུལ་གྱི་ཕྱོགས་སོ་སོས་དམག་དོན་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས26ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་རྒྱུར། དབུས་ཤར་ས་ཁུལ་གྱི་ཕྱོགས་སོ་སོས་དམག་དོན་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་པའི་འབོད་སྐུལ་བཏང་ནས།  ཁྱོན་ཡོངས་རང་བཞིན་གྱི་ས་ཁུལ་དམག་འཁྲུག་སྔོན་འགོག་བྱེད་དགོས་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་དབྱི་ལིང་གི་དམིགས་འབེན་ལ་འཇབ་རྒོལ་བྱས་རྗེས། ཀུའུ་ཐི་ལེ་སི་ཡིས་དབུས་ཤར་ས་ཁུལ་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་སྡུག་ཏུ་འགྱུར་བར་སེམས་ཁུར་ཚད་མེད་བྱེད་ཅིང་། གནས་བབ་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་བཏང་ནས་དམག་འཁྲུག་མཚམས་འཇོག་ཏུ་འཇུག་དགོས་ཟེར།

གསལ་བསྒྲགས་ལས་ཕྱོགས་སོ་སོས་དམག་དོན་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་དགོས་པའི་ཐད་ཡང་བསྐྱར་བྲེལ་མྱུར་འབོད་སྐུལ་བཏང་ཞིང་། དེར་ཅ་ཧྲ་ས་ཁུལ་དང་ལེ་པ་ནུན་གྱི་དམག་དོན་འགུལ་སྐྱོད་འདུས་ཡོད་ལ། འབད་པ་མཐའ་འཁྱོལ་གྱིས་ཁྱོན་ཡོངས་རང་བཞིན་གྱི་ས་ཁུལ་དམག་འཁྲུག་སྔོག་འགོག་དང་ཕྱི་འབྲེལ་ཐབས་ལམ་སྤྱོད་དགོས་ཟེར།

དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཚེས26ཉིན་དབྱི་ལིང་གི་དམག་དོན་དམིགས་འབེན་ལ་རྡུང་རྡེག་རབ་དང་རིམ་པ་བཏང་བར། རྒྱལ་ཁབ་མང་པོས་ཕྱོགས་སོ་སོས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས། དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་གཡོལ་ཐབས་བྱེད་པའི་འབོད་སྐུལ་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།