དབྱི་སི་རལ་གྱི་ཙུང་ལི་ཡིས་དབྱི་ལིང་ལ་འཇབ་རྒོལ་བྱེད་པའི་དམིགས་ཡུལ་ལེགས་འགྲུབ་བྱུང་ཡོད་ཟེར་ཡང་། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱིས་འཇབ་རྒོལ་མཇུག་འབྲས་འུད་སྒྲོག་དང་གནོད་རྐྱེན་ཇེ་ཆུང་དུ་གཏོང་མི་རུང་ཟེར།
དབྱི་སི་རལ་གྱིས་ཚེས26ཉིན་དབྱི་ལིང་ལ་རྡུང་རྡེག་གཏོང་བའི་དམག་དོན་དམིགས་འབེན་རབ་དང་རིམ་པ་སྤེལ་བར་དམིགས་ཏེ། དབྱི་སི་རལ་དང་དབྱི་ལིང་གི་འགོ་ཁྲིད་པས་ཚེས་ཉེར་བདུན་ཉིན་གསལ་བསྒྲགས་སྤེལ་ནས། ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་འཇབ་རྒོལ་གྱི་དམིགས་འབེན་ཡོད་ཚད་ལེགས་འགྲུབ་བྱུང་ཡོད་ཅེས་བཤད་པར་བརྟེན། དབྱི་ལིང་གི་ཆེའི་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ཡིས། དབྱི་ལིང་གིས་དོན་དེའི་ཐད་དབྱི་སི་རལ་གྱི་འཇབ་རྒོལ་མཇུག་འབྲས་འུད་སྒྲོག་དང་ཤུགས་རྐྱེན་ཉུང་གཏོང་བྱེད་མི་རུང་བར་འདོད།
དབྱི་སི་རལ་གྱི་དུས་ཐོག་ཚགས་པར་སྟེང་གསལ་བསྒྲགས་སྤེལ་བ་ལྟར་ན། ནེ་ཐ་ཉི་ཡ་ཧུའུ་ཡིས་རྗེས་དྲན་བྱ་འགུལ་ཞིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་ལ་འཇབ་རྒོལ་བྱེད་པའི་དམིགས་འབེན་ཚང་མ་ལེགས་འགྲུབ་བྱུང་ཡོད་ཟེར། ཁོས་བཤད་ན། དབྱི་སི་རལ་གྱིས་དབྱི་ལིང་གི་མཁའ་སྲུང་སྟོབས་ཤུགས་དང་འཕུར་མདེལ་ཐོན་སྐྱེད་ནུས་པར་རྡུང་རྡེག་ཚབས་ཆེན་བཏང་ཞིང་། ཁོས་དུས་མཉམ་དུ་ཨ་མེ་རི་ཁས་མཉམ་ལས་དམ་ཟབ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས26ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་གི་དམག་དོན་དམིགས་འབེན་རབ་དང་རིམ་པའི་གནད་འཁེལ་རྡུང་རྡེག་ལག་བསྟར་བྱས་པ་དང་། དབྱི་ལིང་གི་དམག་ཕྱོགས་ཀྱིས་དགོང་མོའི་དུས་སུ་བཤད་རྒྱུར། དབྱི་སི་རལ་གྱི་འགུལ་སྐྱོད་ལས་དབྱི་ལིང་ལ་གྱོང་གུད་མང་པོ་ཐེབས་མེད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས27ཉིན་གསལ་བསྒྲགས་སྤེལ་ཏེ། ཧ་མེ་ནེ་དབྱི་ཡིས་ཉིན་དེར་གཡུལ་སར་ཤི་བའི་དབྱི་ལིང་དམག་མིའི་ཁྱིམ་མིར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་ཚེས26ཉིན་དབྱི་ལིང་ལ་བཙན་འཛུལ་བྱས་པའི་མཇུག་འབྲས་འུད་སྒྲོག་བྱས་ཤིང་། དབྱི་སི་རལ་གྱིས་བྱ་སྤྱོད་ཤུགས་རྐྱེན་ཇེ་ཉུང་དུ་བཏང་བ་ནོར་འཁྲུལ་ཡིན་ཟེར། ཧ་མེ་ནེ་དབྱི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལིང་ལ་ནོར་འཁྲུལ་གྱི་བརྡར་གཅོད་བྱས་ཡོད་དེ། དབྱི་ལིང་དང་དབྱི་ལིང་མི་དམངས་ཀྱི་སྟོབས་ཤུགས་དང་ཆོད་སེམས་བརྟན་པོར་རྒྱུས་ལོན་བྱས་མེད་ཟེར།
དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས27ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལ་ཀི་ཆི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ལ་འཕྲིན་ཡིག་བསྐུར་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ནས། ལངས་ཕྱོགས་བརྟན་པོ་བསྡུ་ལེན་བྱེད་པ་དང་། དབྱི་སི་རལ་གྱིས་དབྱི་ལིང་ལ་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་གཏོང་དགོས་པའི་འབོད་སྐུལ་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།