ཕོ་ལན་གྱིས་ཨུ་རི་སིའི་པོ་ཙི་ནན་གྱི་སྤྱི་ཁྱབ་གཞུང་ཚབ་ཁང་དུ་སྡོད་པའི་ཕྱི་འབྲེལ་དཔོན་དུས་བཀག་ལྟར་མངའ་ཁོངས་དང་ཁ་འབྲལ་དགོས་པའི་བླང་བྱ་བཏོན།
2024.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཕོ་ལན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྥེ་ལུང་སི་ཅི་ཡིས་ཚེས28ཉིན་བཤད་རྒྱུར། ཉེ་ལམ་ཕོ་ལན་གྱིས་སྒོ་རྒྱབ་པའི་ཨུ་རི་སིའི་ཕོ་ལན་པོ་ཙི་ནན་སྤྱི་ཁྱབ་གཞུང་ཚབ་ཁང་དུ་སྡོད་པའི་ཕྱི་འབྲེལ་དཔོན་ཟླ11ཚེས30སྔོན་དུ་ཕོ་ལན་དང་ཁ་འབྲལ་དགོས་ཟེར།

ཧྥེ་ལུང་སི་ཅི་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། ཕོ་ལན་དང་ཨུ་རི་སི་ཕྱོགས་གཉིས་ཀྱིས་ཨུ་རི་སིའི་པོ་ཙི་ནན་དུ་སྡོད་པའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་འཁོར་སྐྱོད་ཐད་ལག་རྩལ་གྲོས་མོལ་སྤེལ་ཡོད་ཅིང་། ཨུ་རི་སི་ཕྱོགས་ཀྱི་ཕྱི་འབྲེལ་དཔོན་ལ་ཕོ་ལན་དུ་ཁ་འབྲལ་དགོས་པའི་བརྡ་འབྱོར་ཡོད་ཟེར།

ཧྥེ་ལུང་སི་ཅི་ཡིས་བཤད་རྒྱུར། ཨུ་རི་སིའི་ཕྱི་འབྲེལ་དཔོན་ལ་ཁ་འབྲལ་བཀའ་རྒྱ་བཏང་ཡོད་ལ། ཁོ་ཚོ་ཕོ་ལན་ནང་ཁུལ་དུ་དགའ་བསུ་མི་བྱེད་པའི་མི་ཡིན་ཟེར། ང་ཚོས་ད་ལྟ་དཔལ་ཡོན་གྱི་བྱེད་ཐབས་སྤྱད་ནས་དོན་དག་འདི་ཐག་གཅོད་བྱེད་པར་འབད་པ་བྱེད་བཞིན་ཡོད་ལ། དུས་མཉམ་དུ་ཨུ་རི་སིའི་ཕྱོགས་ལ་བརྡ་རྟགས་གསལ་སྟོན་བྱས་ཏེ། ཕོ་ལན་མངའ་ཁོངས་སུ་བྱ་སྤྱོད་ཁ་ཤས་བསྡུ་ལེན་བྱེད་པར་བཟོད་སྒོམ་བྱེད་མི་སྲིད་ཟེར།

གཞན་ཐ་སི་ཚགས་པར་ཁང་གི་གསར་འགྱུར་ལྟར་ན། ཨུ་རི་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ཝ་ལོ་ཡིས་ཚེས28ཉིན་སྨྱན་བྱད་ལ་བཤད་རྒྱུར། ཕོ་ལན་ཕྱོགས་ཀྱིས་ཨུ་རི་སིའི་པོ་ཙི་ནན་དུ་སྡོད་པའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྒོ་བརྒྱབ་པའི་དགྲར་འཛིན་བྱ་སྤྱོད་དེར། ཨུ་རི་སི་ཕྱོགས་ཀྱིས་ལན་སྤྲོད་བྱེད་ཐབས་ཡོངས་ཁྱབ་དུ་བསྒྲགས་རྒྱུ་ཡིན་ཟེར།

ཕོ་ལན་ཕྱི་འབྲེལ་པུའུ་ཡིས་ཚེས22ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕོ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཞི་ཁི་ཨར་སི་ཅི་ཡིས་ཉིན་དེར་ཨུ་རི་སིའི་པོ་ཙི་ནན་དུ་སྡོད་པའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྒོ་རྒྱག་རྒྱུ་ཐག་བཅད་ཡོད་ཟེར། ཞི་ཁི་ཨར་སི་ཅི་ཡིས་བཤད་རྒྱུར། ཕྱི་འབྲེལ་པུའུ་ཀྲང་ཡིན་པའི་ཆ་ནས། ཁོས་རྒྱུས་ལོན་བྱུང་བའི་ཆ་འཕྲིན་ལྟར་ན། ཨུ་རི་སི་ནི་ཕོ་ལན་དང་དེའི་མནའ་འབྲེལ་རྒྱལ་ཁབ་བར་གཏོར་བརླགས་བྱ་སྤྱོད་སྤེལ་མཁན་གྱི་རྒྱབ་རྩ་རེད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།