དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅ་ཨེ་ཡིས་ཚེས28ཉིན་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་རྒྱུར། དབྱི་ལིང་གིས་དབྱི་སི་རལ་གྱི་བཙན་འཛུལ་ལ་ཕྱིར་ལན་སྤྲོད་པའི་ཁེ་དབང་བློས་གཏོང་མི་སྲིད་ཟེར།
པ་ཅ་ཨེ་ཡིས་བསྟན་དོན། དབྱི་སི་རལ་གྱི་འཇབ་རྒོལ་ལ་ཕྱིར་ལན་སྤྲོད་རྒྱུ་ནི་དབྱི་ལིང་སྲིད་གཞུང་གི་ཁེ་དབང་དང་འགན་འཁྲི་ཡིན། རྒྱལ་སྤྱིའི་རྩ་ཁྲིམས་གཞིར་བཟུང་ན། བཙན་འཛུལ་དང་ཁྲིམས་འགལ་གྱི་དྲག་ཤུགས་གང་རུང་ཐེབས་པའི་རྒྱལ་ཁབ་ཚང་མར་དེ་ལྟ་བུའི་ཁེ་དབང་ཡོད། གྲོས་མོལ་དང་འདུམ་འགྲིག་གི་མཇུག་འབྲས་ཅི་འདྲ་ཡིན་ཀྱང་། དབྱི་ལིང་གིས་ཆོད་སེམས་བརྟན་ཞིང་འོས་འཚམ་གྱི་བྱེད་ཐབས་སྤྱད་ནས་དབྱི་སི་རལ་ལ་ཕྱིར་ལན་སྤྲོད་རྒྱུ་ཡིན། དོན་འདི་རྒྱལ་ཁབ་དྲག་ཆས་དམག་དཔུང་དང་འབྲེལ་ཡོད་དབང་འཛིན་ལས་ཁུངས་ཀྱིས་ཐག་གཅོད་བྱ་རྒྱུ་ཡིན་ཟེར།
པ་ཅ་ཨེ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་རྒྱབ་སྐྱོར་ཚད་མེད་བྱས་པར་བརྟེན་དབྱི་སི་རལ་ལ་འཇིགས་སྣང་ཅི་ཡང་མེད་ལ། མུ་མཐུད་དུ་ཨེ་ཤ་ཡ་ནུབ་མའི་ས་ཁུལ་དུ་ནག་ཉེས་བཟོ་བཞིན་ཡོད། ཁོས་ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱིས་དབྱི་སི་རལ་ལ་དམག་ཆས་དང་གསང་འཕྲིན། ཆབ་སྲིད་བཅས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་རྒྱུ་མཚམས་དགོས་པ་ལས། རྒྱལ་ཁབ་གཞན་པར་བཟོད་སྒོམ་རྒྱུན་འཁྱོངས་བྱེད་དུ་འཇོག་པ་གལ་ཆེན་མིན་པའི་འབོད་སྐུལ་བཏང་།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས26ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་གི་ས་ཁུལ་མང་པོའི་དམག་དོན་དམིགས་འབེན་ལ་གནད་ཁེལ་དང་ངེས་གཏན་རྡུང་རྡེག་ལེགས་འགྲུབ་བྱུང་ཡོད་ཟེར་ཡང་། དབྱི་ལིང་དམག་ཕྱོགས་ཀྱིས་ཉིན་དེར་བཤད་རྒྱུར། དབྱི་ལིང་དབྱི་སི་རལ་གྱི་འཇབ་རྒོལ་བདེ་ལེགས་ངང་འགོག་སྲུང་བྱས་ཤིང་། དབྱི་སི་རལ་གྱི་འགུལ་སྐྱོད་ལས་ཐེབས་པའི་གྱོང་གུད་ཚབས་ཆེན་མིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།