དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས28ཉིན། ཡེ་ལུའུ་ས་ལེམ་དུ་ཡོད་པའི་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱིས་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཟེར།
ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཞི་བདེ་ལས་ཞི་བདེ་བསྐྲུན་པ་དང་། སྟོབས་ཤུགས་ངོ་མས་ཞི་བདེ་ལ་སྐུལ་འདེད་གཏོང་འདོད་ཡོད། དབྱི་སི་རལ་གྱིས་ཨ་མེ་རི་ཁ་དང་ཁ་བརྡ་སྲུང་འཛིན་བྱས་ཀྱང་། དབྱི་སི་རལ་གྱིས་རང་སྟེང་གི་ཁེ་ཕན་གཞིར་བཟུང་ནས་ཇུས་ཆོད་འདོན་རྒྱུ་ཡིན་ཟེར། ཁོས་དབྱི་སི་རལ་གྱི་འཐབ་འཁྲུག་ནི་དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ཐོབ་པར་བཀག་འགོག་བྱེད་རྒྱུ་དེ་ཡིན་པ་ནན་བཤད་བྱས།
དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཚེས28ཉིན་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐི་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅང་མ་འགོར་བའི་སྔོན་དུ་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ་དབྱི་ལིང་གི་མཁའ་སྲུང་དང་འཕུར་མདེལ་ཐོན་སྐྱེད་ཀྱི་ནུས་པ་ཇེ་ཞན་དུ་བཏང་ཡོད་ཟེར། ཅ་ལན་ཐི་ཡིས་དབྱི་ལིང་གི་འཕུར་མདེལ་མཛོད་ཁང་ཚད་ཡོད་ཅིག་ཡིན་པས། མཁའ་སྲུང་མ་ལག་དང་འཕུར་མདེལ་ཐོན་སྐྱེད་ནུས་པར་གཏོར་སྐྱོན་བཏང་བ་ལས་སྟོབས་ཤུགས་དོ་སྙོམ་ལ་འགྱུར་ལྡོག་བཏང་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས26ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་གི་ས་ཁུལ་མང་པོའི་དམག་དོན་དམིགས་འབེན་ལ་གནད་འཁེལ་དང་ངེས་གཏན་གྱི་རྡུང་རྡེག་ལེགས་འགྲུབ་བྱུང་ཡོད་ཟེར། དབྱི་ལིང་གི་རྒྱལ་སྲུང་པུའུ་ཀྲང་ན་ཞི་ཨར་ཀྲ་ཏི་ཡིས་ཚེས28ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉེ་ལམ་འཇབ་རྒོལ་བྱས་པ་ལས་དབྱི་ལིང་ལ་གྱོང་གུད་ཅུང་ཙམ་ལས་ཐེབས་མེད་ལ། དབྱི་ལིང་ཕྱོགས་ཀྱིས་རང་ཉིད་ཀྱི་ཤེས་བྱ་དང་ཚན་རྩལ་བེད་སྤྱོད་བཏང་ནས་མྱུར་མོར་སླར་གསོ་བྱ་རྒྱུ་ཡིན་ཟེར།
2020ལོའི་ཚུན་དུ། ཨ་མེ་རི་ཁའི་སྐུལ་ཁྲིད་འོག ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། པ་ལིན། སུའུ་ཏན། མོ་ལོ་ཀི་སོགས་ཀྱིས་སྔ་རྗེས་སུ་དབྱི་སི་རལ་བར་འབྲེལ་བ་རྒྱུན་ལྡན་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེའི་སྔོན་དུ། དབྱི་སི་རལ་ལ་འབྲེལ་བ་བཙུགས་པའི་ཨ་རབ་རྒྱལ་ཁབ་ལ་ཨེ་ཅིབ་དང་ཅོར་ཏན་གཉིས་མ་གཏོགས་མེད།
རིག་འཛིན་སྒྲོལ་མས་བསྒྱུར།