ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚོང་འགྲུལ་གྲུ་གཟིངས་གསུམ་ལ་འཇབ་རྒོལ་བྱས།
2024.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས28ཉིན་བཤད་རྒྱུར། རྩ་འཛུགས་དེས་ཨ་རབ་རྒྱ་མཚོ་དང་། མཚོ་དམར། མན་ཏི་མཚོ་འགག་བཅས་སུ་ཚོང་འགྲུལ་གྲུ་གཟིངས་གསུམ་ལ་འཇབ་རྒོལ་བྱས་ཟེར།

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་ཡེ་ཧའེ་ཡཱ·སཱ་ལའེ་ཡཱ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མ་ཞི་ལ་བརྙན་འཕྲིན་ཁང་ནས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕ་ལེ་སི་ཐན་དང་ལེ་པ་ནུན་གྱིས་དབྱི་སི་རལ་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱ་ཆེད། ང་ཚོས་དམག་དོན་འགུལ་སྐྱོད་ཐེངས་གསུམ་སྤེལ་བ་ཡིན་ཞིང་།  མུ་མཐུད་དུ་དབྱི་སི་རལ་ལ་མཚོ་ཐོག་བཀག་སྡོམ་བྱེད་པའི་གྲས་ཤིག་ཡིན་ཟེར།

སཱ་ལེ་ཡཱ་ཡིས་བཤད་རྒྱུར། དམག་དོན་འགུལ་སྐྱོད་ཐེངས་དང་པོས་མི་མེད་གནམ་གྲུ་གཉིས་བཀོལ་ནས་ཨ་རབ་རྒྱ་མཚོའི་ལྷོ་ཕྱོགས་ཀྱི་ཚོང་འགྲུལ་གྲུ་གཟིངས་ཤིག་ལ་གནད་ཁེལ་འཇབ་རྒོལ་བྱས་པ་དང་། དམག་དོན་འགུལ་སྐྱོད་ཐེངས་གཉིས་པས་གྲུ་འཚོལ་འཕུར་མདེལ་བཀོལ་ནས་ཨ་རབ་རྒྱ་མཚོའི་ཚོང་འགྲུལ་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པ་ཡིན་ལ། དམག་དོན་འགུལ་སྐྱོད་ཐེངས་གསུམ་པས་སྒྱོགས་མདེལ་འཕུར་མདའ་བཀོལ་ནས་མཚོ་དམར་དང་མན་ཏི་མཚོ་འགག་གི་ཚོང་འགྲུལ་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པ་ཡིན་ཟེར། སཱ་ལེ་ཡཱ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དང་ལེ་པ་ནུན་གྱི་བཙན་འཛུལ་བྱ་སྤྱོད་མཚམས་མ་བཞག་ན། ཧུའུ་སེ་དྲག་ཆས་པས་འཇབ་རྒོལ་མཚམས་མི་འཇོག་ཟེར།

རྒྱུས་ལོན་པ་ལྟར་ན། འཇབ་རྒོལ་ཐེབས་པའི་གྲུ་གཟིངས་གསུམ་པོས་ལི་པེ་རི་ཡའི་རྒྱལ་དར་བཀལ་ཡོད་ཟེར།

ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་བ་གསར་བ་བྱུང་བའི་ཚུན་དུ། ཡེ་མིན་ཧུའུ་སེ་དྲག་ཆས་པས་མི་མེད་གནམ་གྲུ་དང་འཕུར་མདེལ་བཀོལ་ནས་མཚོ་དམར་དང་ཨ་རབ་རྒྱ་མཚོའི་མཚོ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས་ཤིང་། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་བཏོན། ད་ལོའི་ཟླ1པའི་ཚེས12ཚུན་དུ། ཨ་མེ་རི་ཁ་དང་དབྱིན་ཇིས་ཐེངས་མང་པོར་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི་སྣར་ཤི་རྨས་བཟོས། ཟླ3ཚེས14ཉིན། ཧུའུ་སེ་དྲག་ཆས་པའི་འགོ་ཁྲིད་པས་དབྱི་སི་རལ་དང་འབྲེལ་བའི་གྲུ་གཟིངས་ལ་རྡུང་རྡེག་གཏོང་བའི་ཁྱབ་རྒྱ་དེ་ཧུན་རྡུ་རྒྱ་མཚོའི་ལྷོ་ཕྱོགས་མཚོ་ཁོངས་སུ་རྒྱ་བསྐྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།