དབྱི་སི་རལ་གྲོས་ཁང་གིས་ཁྲིམས་དོན་གྲོས་གཞི་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོབ་ལས་ཁུངས་ཀྱིས་བྱ་སྤྱོད་སྤེལ་བ་བཀག་སྡོམ་བྱེད་རྒྱུ་རེད།
2024.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་སི་རལ་གྲོས་ཁང་གིས་ཚེས28ཉིན།  ཁྲིམས་དོན་གྲོས་གཞི་གཉིས་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ལེ་སི་ཐན་ཤར་མའི་ཡུལ་གྱར་བར་རོགས་སྐྱོབ་དང་དེའི་བཟོ་བསྐྲུན་ཁྲུའུ་ནས་འབྲེལ་ཡོད་བྱ་སྤྱོད་སྤེལ་བར་བཀག་སྡོམ་བྱས།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྲོས་ཁང་གིས་ཉིན་དེར་ཁས་ལེན་ཐོབ་པའི་འདེམ་ཤོག་གོ་གཉིས་དང་། ངོ་རྒོལ་འདེམ་ཤོག་བཅུ་ཡི་བརྡས་གཅོད་མཇུག་འབྲས་ཀྱིས་ཁྲིམས་དོན་གྲོས་གཞི་དང་པོར་གྲོས་འཆམ་བྱུང་ཞིང་། ཤར་ཕྱོགས་རོགས་སྐྱོབ་བཟོ་བསྐྲུན་ཁྲུའུ་དང་ཉེ་ས་ནས་སང་ལོར་དབྱི་སི་རལ་དུ་བྱ་སྤྱོད་གང་རུང་དང་ཞབས་ཞུ་གང་རུང་འདོན་སྤྲོད་བྱེད་པ་བཀག་སྡོམ་བྱ་རྒྱུ་ཡིན་ཟེར། དབྱི་སི་རལ་གྲོས་ཁང་གིས་དེར་མཐུད་ཁས་ལེན་འདེམ་ཤོག་གྱ་བདུན་དང་ངོ་རྒོལ་འདེམ་ཤོག་དགུ་ཡི་བརྡས་གཅོད་མཇུག་འབྲས་ཀྱིས་ཁྲིམས་དོན་གྲོས་གཞི་གཉིས་པར་གྲོས་འཆམ་བྱུང་བ་དང་། དབྱི་སི་རལ་དང་ཤར་ཕྱོགས་ཉེ་ཁུལ་གྱི་རོགས་སྐྱོབ་བཟོ་བསྐྲུན་ཁྲུའུ་ཡི་དཔོན་ཕྱོགས་དང་འབྲེལ་ཐག་གཅོད་རྒྱུ་ཡིན་ཟེར།

ཤར་ཕྱོགས་ཉེ་ཁུལ་གྱི་རོགས་སྐྱོར་བཟོ་བསྐྲུན་ཁྲུའུ་ཡི་ཆེད་དོན་ཀྲུའུ་རིན་ལ་ཀྲ་ལི་ཉི་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་གྲོས་ཁང་གིས་ཉེན་ཁའི་དཔེ་གཞི་ཞིག་གསར་སྤེལ་བྱས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སྒྲིག་སྲོལ་དང་རྒྱལ་སྤྱིའི་རྩ་ཁྲིམས་ཀྱིས་ཁུར་འོས་པའི་བླང་བྱ་དང་འགལ་ཡོད་ཟེར། ལ་ཀྲ་ལི་ཉི་ཡིས་ནན་བཤད་བྱས་དོན། དབྱི་སི་རལ་གྱི་བྱ་སྤྱོད་འདིས་ཕ་ལེ་སི་ཐན་གྱི་མི་དང་ལྷག་པར་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱི་དཀའ་སྡུག་སྔར་ལས་ཇེ་སྡུག་ཏུ་གཏོང་སྲིད་ཟེར།

ཕ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས28ཉིན་བཤད་པ་ལྟར་ན། ཕ་ལེ་སི་ཐན་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནའེ་ཡིས་ཉིན་དེར་དབྱི་སི་རལ་གྱི་ཁྲིམས་འཛུགས་ཀྱི་ཐད་གཅོད་དེར་རྒོལ་གཏམ་བཏང་ཞིང་། དབྱི་སི་རལ་གྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་རྩ་ཁྲིམས་དང་འགལ་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་འགྲན་བསླངས་པ་རེད་ཅེས་ནན་བཤད་བྱས། ལུའུ་ཏའེ་ནའེ་ཡིས་བཤད་རྒྱུར། བྱ་སྤྱོད་དེས་ཡུལ་གྱར་བར་དམིགས་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཡོངས་ཀྱི་ཁ་གཏད་དུ་ལངས་ཡོད་ཟེར།

ཤར་ཕྱོགས་ཉེ་ཁུལ་གྱི་རོགས་སྐྱོབ་བཟོ་བསྐྲུན་ཁྲུའུ་དེ1949ལོར་བཙུགས་པ་དང་། གཙོ་བོ་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅ་ཧྲ་ས་ཁུལ། ཅོར་ཏན། སི་རི་ཡ་དང་ལེ་པ་ནུན་བཅས་སུ་འཚོ་བ་རོལ་བཞིན་པའི་ཕ་ལེ་སི་ཐན་དུ་ཐོ་འགོད་བྱས་པའི་ཡུལ་གྱར་བར་མི་ཆོས་རོགས་སྐྱོབ་དང་སློབ་གསོ། སྨན་བཅོས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་འགན་ཁུར་ཡོད། ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་བ་གསར་བ་བྱུང་རྗེས། ལས་ཁུངས་དེས་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱེད་པའི་ཐད་གནད་འགག་གི་ནུས་པ་བཏོན་ཡོད།

དབྱི་སི་རལ་གྱིས་ནམ་རྒྱུན་ཤར་ཕྱོགས་ས་ཁུལ་གྱི་རོགས་སྐྱོབ་བཟོ་བསྐྲུན་ཁྲུའུ་ཡི་ཅ་ཧྲ་ས་ཁུལ་གྱི་ལས་བྱེད་མི་སྣའི་ཁྲོད་དུ་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་མི་ཡོད་པར་འདོད་ཡོད། ད་ལོའི་ཟླ4ཚེས22ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁེར་ཚུགས་ཚན་ཆུང་ཞིག་གིས་མཇུག་མཐའི་བརྟག་དཔྱད་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་ཏེ། དབྱི་སི་རལ་གྱིས་ཤར་ཕྱོགས་ས་ཁུལ་གྱི་རོགས་སྐྱོབ་བཟོ་བསྐྲུན་ཁྲུའུ་ཡི་ལས་བྱེད་མི་སྣ་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་བདེན་དཔང་འདོན་སྤྲོད་བྱས་མེད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།