ཚེས28ཉིན། འཇར་མན་ཏཱ་ཀྲུང་རླངས་འཁོར་ངལ་རྩོལ་གླ་ཕོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏཱ་ཉི་ཨའེ་ལ·ཁ་ཝ་ལུའོ་ཡིས་བསྟན་དོན། ཁེ་ལས་ཀྱི་དོ་དམ་རིམ་པས་འཇར་མན་གྱི་བཟོ་གྲྭ་གསུམ་སྒོ་རྒྱག་ཏུ་འཇུག་རྒྱུ་ཡིན་པར་མ་ཟད། ལས་མི་ཁྲི་ཁ་ཤས་ཇེ་ཉུང་དུ་བཏང་ནས་མ་རྩ་ཇེ་ཉུང་དུ་གཏོང་རྩིས་ཡོད་ཟེར།
ཉིན་དེར་ཏཱ་ཀྲུང་སྤྱི་ཁྱབ་པུའུ་ཨོ་ཨར་ཧྥུའུ་སི་པའོ་རུ་སྤེལ་བའི་ལས་བཟོ་བའི་བྱ་འགུལ་སྟེང་། ཁཱ་ཝ་ལུའོ་ཡིས་འཇར་མན་གྱི་བཟོ་གྲྭ་ཚང་མར་བཟོ་གྲྭའི་སྒོ་རྒྱག་པའི་འཆར་གཞིའི་ཤུགས་རྐྱེན་ཕོག་སྲིད་མོད། འོན་ཀྱང་མིག་སྔར་སྒོ་རྒྱག་པའི་མིང་ཐོ་ཞིབ་ཕྲ་གསལ་པོ་མི་ཤེས་ལ། སྒོ་མི་རྒྱག་པའི་བཟོ་གྲྭའི་ལས་བཟོ་གཞན་དག་ལའང་གླ་ཆ་ཇེ་དམའ་རུ་གཏོང་རྒྱུ་རེད། ཁཱ་ཝ་ལུའོ་ཡིས་བཤད་རྒྱུར། ཁེ་ལས་ཀྱིས་འཆར་གཞི་ལས་བཟོ་བ་ཚོར་བཤད་ཟིན་མོད། འོན་ཀྱང་གནས་ཚུལ་ཞིབ་ཕྲ་མང་པོ་བཤད་མེད་ཟེར།
ད་ལོའི་ཟླ9པར། ཏཱ་ཀྲུང་གིས་འཇར་མན་གྱི་བཟོ་གྲྭ་ཁག་གཅིག་སྒོ་རྒྱག་པའི་བསམ་གཞིག་ཡོངས་བསྒྲགས་བྱས་པ་མ་ཟད། 1994ལོ་ནས་བཟུང་ལག་བསྟར་བྱས་པའི་ལས་ཞུགས་སྲུང་སྐྱོབ་ཀྱི་གྲོས་མཐུན་མཚམས་འཇོག་བྱས་ཏེ་འགྲོ་སྒོ་སྔར་ལས་ཇེ་ཉུང་དུ་གཏོང་རྒྱུ་བྱས།
མིག་སྔར། ཏཱ་ཀྲུང་སྡེ་ཚོགས་ལ་འཛམ་གླིང་ཡོངས་སུ་ལས་མི་འབུམ་དྲུག་དང་ཁྲི་ལྔ་ལྷག་ཡོད་པའི་ནང་འཇར་མན་དུ་ཡོད་པའི་མི་འབུམ་གསུམ་ཙམ་ཡོད། ཐེངས་འདིའི་བཟོ་གྲྭ་སྒོ་རྒྱག་པའི་འཆར་གཞི་དེ་ཏཱ་ཀྲུང་སྡེ་ཚོགས་ཁོངས་གཏོགས་ཀྱི་ལྟེ་བའི་ཟོང་རྟགས་ཏཱ་ཀྲུང་རླངས་འཁོར་དང་འབྲེལ་བ་ཡོད། མིག་སྔར། འཇར་མན་དུ་ཏཱ་ཀྲུང་རླངས་འཁོར་ལ་བཟོ་གྲྭ་བཅུ་ཡོད་པ་དང་ལས་བཟོ་བ་འབུམ་གཅིག་དང་ཁྲི་གཉིས་ཙམ་ཡོད། སྒོ་རྒྱག་པའི་འཆར་གཞི་ལག་བསྟར་བྱས་ཚེ་། དེ་ནི་ཏཱ་ཀྲུང་རླངས་འཁོར་གྱི་ལོ་རྒྱུས་སྟེང་འཇར་མན་དུ་བཟོ་གྲྭ་སྒོ་བརྒྱབ་ཐེངས་དང་པོ་རེད། དེའི་སྔོན་ལ། ཁ་ཝ་ལུའོ་ཡིས་བསྟན་དོན། ངལ་རྩོལ་གླ་ཕོགས་ཨུ་ཡོན་ལྷན་ཁང་གིས་འགན་འཛིན་པའི་གྲོས་འགོར“ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཟེར།
ཤ་བོ་རིན་མཚོས་བསྒྱུར།