ཚེས28ཉིན། ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་བརྡ་ཁྱབ་བཏང་ནས་དབྱི་སི་རལ་གྱིས་ཉིན་དེར་ལེ་པ་ནོན་ཤར་རྒྱུད་ཀྱི་པེ་ཁ་རོང་སར་མཁའ་རྒོལ་བྱས་པས་ཉུང་མཐར་ཡང་མི60རྐྱེན་ལམ་དུ་ཤོར་ཡོད་ཟེར།
བརྡ་ཁྱབ་ནང་པེ་ཁ་རོང་སའི་ས་ཁུལ12ལ་མཁའ་རྒོལ་བྱས་ཡོད་ཅིང་། འདས་པོའི་ཁྲོད་མང་ཆེ་བ་ནི་པ་ལེ་པེ་ཁེ-ཞི་འར་མེ་ལི་ཞིང་ཆེན་ནས་ཡོང་བ་རེད། གཞན་ཡང་ཉུང་མཐར་ཡང་མི58ལ་འཇབ་རྒོལ་ཁྲོད་རྨས་སྐྱོན་ཕོག་ཡོད་པ་རེད། རོགས་སྐྱོབ་ལས་དོན་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་ཤི་རྨས་བྱུང་བའི་མི་གྲངས་མང་དུ་འགྲོ་སྲིད་ཟེར།
པ་ལེ་པེ་ཁེ-ཞིའར་མེ་ལི་ཞིང་ཆེན་གྱི་ཧྲིན་ཀྲང་པེ་ཞི་འར·ཧུའུ་ཏུའུ་འར་གྱིས་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་ཞིང་། ཁོས་དེ་ནི་ལེ་པ་ནོན་དང་དབྱི་སི་རལ་བར་གདོང་ཐུག་བྱུང་ཚུན་ས་ཁུལ་དེར་ཐེབས་པའི“གཏུམ་སྤྱོད་ཆེ་ཤོས”ཀྱི་འཇབ་རྒོལ་ཞིག་རེད་ཟེར།
ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཚེས28ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ན་ནིང་ཟླ10པའི་ཟླ་སྟོད་ནས་བཟུང་ལེ་པ་ནོན་གྱི་གཙོ་འགན་འཁུར་མཁན་ཏང་དང་དབྱི་སི་རལ་བར་གྱི་གདོང་ཐུག་དེས་ལེ་པ་ནོན་དུ་མི2710རྐྱེན་ལམ་དུ་ཤོར་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།