ཨུ་རུ་སུའི་ཆེད་མཁས་པས་གསེར་གྱོམ་ལམ་ལུགས་ཀྱིས་འཛམ་གླིང་སྟེང་གི་གནས་བབ་ལོ་རེ་བཞིན་མཐོ་རུ་འགྲོ་རྒྱུ་རེད།
2024.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨུ་རུ་སུའི་འཐབ་ཇུས་འཆར་འགོད་དང་སྔོན་དཔག་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཡཱ་ལི་ཧྲན་ཏ·ཀུའུ་ཞེ་ཧྥུའུ་ཡིས་ཉེ་ལམ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གསར་གྱོམ་ལམ་ལུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་འཛམ་གླིང་གི་འཕེལ་ཕྱོགས་དང་འཚམ་པ་དང་དེའི་གནས་བབ་ལོ་རེ་བཞིན་མཐོ་རུ་འགྲོ་རྒྱུ་རེད་ཟེར།

ཀུའུ་ཞེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སུ་དང་།    ཀྲུང་གོ    རྒྱ་གར།    པ་ཞིས།    ལྷོ་ཨ་ཧྥེ་རི་ཁ་བཅས་ཡིན་ནའང་འདྲ། ཡང་ན་གསེར་གྱོམ་ལམ་ལུགས་ཐད་ལོ་རྒྱུས་རང་བཞིན་གྱི་ཁོངས་མི་ཇེ་མང་དུ་བཏང་རྗེས་གསར་དུ་ཞུགས་པའི་རྒྱལ་ཁབ་དེ་དག་ཚང་མ་གླིང་ཆེན་སོ་སོའི་རྒྱལ་ཁབ་གཙོ་བོ་དག་ཡིན་པས། དེས“གསེར་གྱོམ་མཉམ་ལས་ཆེན་མོའི”ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཟེར།

ཀུའུ་ཞེ་ཧྥུའུ་ཡིས་བཤད་རྒྱུར། “འཛམ་གླིང་ལ་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད།    གསེར་གྱོམ་ལམ་ལུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་འཛམ་གླིང་གི་སྒྲིག་ལམ་གྱི་འགྱུར་ལྡོག་འགྲོ་ཕྱོགས་དང་མཐུན་པས། དེའི་འཛམ་གླིང་སྟེང་གི་གནས་བབ་ལོ་རེ་བཞིན་མཐོ་རུ་འགྲོ་སྲིད”ཟེར།

ཀུའུ་ཞེ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་དང“འཛམ་གླིང་ལྷོ་ཕྱོགས”རྒྱལ་ཁབ“ནུབ་ཕྱོགས་རྒྱལ་ཁབ་མིན་ཡང་ནུབ་ཕྱོགས་ལ་ངོ་རྒོལ་བྱེད་པ་མིན།”གསེར་གྱོམ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་སོ་སོའི་མཛའ་བརྩེའི་འབྲེལ་བ་དར་སྤེལ་དུ་གཏོང་བ་དང་།    ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་ཡོང་བ།    རྒྱལ་ཁབ་ཀྱི་བདག་དབང་ལ་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཡུན་རིང་གི་འབྲེལ་བ་འཛུགས་རྒྱུ་ཡིན་པ་དེས་ལམ་སྲོལ་འདི་སྔར་ལས་གོང་དུ་འཕེལ་བར་སྒུལ་ཤུགས་ཧ་ཅང་ཆེན་པོ་འདོན་སྤྲོད་བྱ་རྒྱུ་རེད་ཟེར།

དབུ་བརྙེས་ནས་ལོ18འགོར་བའི་རིང་། གསེར་གྱོམ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་མི་གྲངས་ཀྱིས་འཛམ་གླིང་མི་གྲངས་ཀྱི་ཕྱེད་ཀ་ཙམ་བཟུང་ཡོད།    དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་གི་བསྡུར་གྲངས་ཁྲོད་བཅུ་ཆའི་གསུམ་ལྷག་ཙམ་བཟུང་ཡོད་ལ།    འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་འཇོག་ཚད་50%ལྷག་ཙམ་ཟིན་ཡོད།  ཀུའུ་ཞེ་ཧྥུའུ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཉིན་རེ་བཞིན་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་པ་དང་།    ཀྲུང་གོ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དེས་ཁོ་ལ་བག་ཆགས་ཟབ་མོ་བཞག་ཡོད་ཟེར།

ཁོས་བཤད་རྒྱུར། “ཀྲུང་གོའི་འཕེལ་རྒྱས་ཧ་ཅང་མགྱོགས་ལ་གསོན་ཤུགས་ཀྱིས་ཁེངས་ཡོད་པ་དང་།  འདི་ནི་མི་ཚང་མས་མཐོང་ཐུབ་ལ་ཚོར་ཐུབ་པ་ཞིག་རེད།” ཀྲུང་གོས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།    ཀྲུང་གོའི་འགོ་ཁྲིད་པས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་ཐད་མཐོང་གི་དཔེ་མཚོན་ཞིག་རེད།  གྲོས་འགོ་དེས་ཨུ་རུ་སུ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་ལས་ལས་གཞི་སྤེལ་བ་དང་དེ་ནི“ཁ་གསལ་ཞིང་དངོས་གཉེར”ཞིག་རེད།

ཨུ་རི་སི་དང་ཀྲུང་གོའི་འབྲེལ་བའི་སྐོར་གླེང་སྐབས། ཀུའུ་ཞེ་ཧྥུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མི་གཞུང་དང་སློབ་གསོ།    སྨན་བཅོས།    ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་ལ།    ཨུ་རི་སི་དང་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་བརྩེའི་འབྲེལ་བས་གསེར་གྱོམ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་རྒྱུ་རེད་ཟེར།

ཤ་བོ་རིན་མཚོས་བསྒྱུར།