འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་བགྲོ་གླེང་ཚོགས་འདུའི་སྟེང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་དཔལ་འབྱོར་ཉོ་ཚོང་གྲུབ་འབྲས་ཕྱོགས་སྡོམ་བྱས།
2024.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚེས30ཉིན་སུའེ་ཙེར་གྱི་རི་ནེ་ཝ་རུ་ཀྲུང་ཧྥེའི་མཉམ་ལས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་མཐོང་སྣེ་ཞེས་པའི་བགྲོ་གླེང་ཚོགས་འདུ་བསྡུས་ནས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་དཔལ་འབྱོར་ཉོ་ཚོང་གྲུབ་འབྲས་ཕྱོགས་སྡོམ་བྱས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོའི་ཕྱོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཧྥེ་གླིང་སྡེ་ཚོགས་མཐུན་སྦྱོར་བྱེད་མཁན་གྱི་ཆ་ཏེ་དང་། པ་ཞི། ནན་ཧྥེ། ཨ་མེ་རི་ཁ། འཇར་པན་སོགས་འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་ཁོངས་མིའི་འཐུས་ཚབ་དང་འཛམ་གླིང་ཚོང་དོན་རྩ་འཛུགས། ལྷོ་ཕྱོགས་ལྟེ་གནས་སོགས་རྒྱལ་སྤྱིའི་རྩ་འཛུགས་དཔོན་པོ་སོགས་མི་སྣ་བརྒྱ་ལྷག་ཚོགས་འདུར་ཞུགས། ཀྲུང་གོའི་ཚོང་དོན་པུའུ་དང་ཀྲུང་གོར་རྒྱུན་སྡོད་ཉོ་ཚོང་རྩ་འཛུགས་ཀྱི་འཐུས་ཚབ་ཚོགས་པ། ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་ཤེས་བྱའི་ལྟེ་གནས། ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་བརྗེ་རེས་ལྟེ་གནས། དེ་མིན་ཆ་ཏེ་དང་ལྷོ་ཕྱོགས་ལྟེ་གནས་ཀྱི་འཐུས་ཚབ་པས་བགྲོ་གླེང་ཚོགས་འདུའི་སྟེང་གཏམ་བཤད་གནང་།

བགྲོ་གླེང་ཚོགས་འདུའི་སྟེང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གཅིག་སྡུད་བགྲོ་གླེང་བྱས་པ་དང་། ཀྲུང་ཧྥེ་གཉིས་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་བཅོས་སྒྱུར་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བའི་ཕྱོགས་ཀྱི་མཉམ་ལས་སྦས་ཤུགས་ལ་དཔྱད་བསྡུར་བྱས། ཡུལ་དངོས་བགྲོ་གླེང་རྣམ་པ་ཛ་དྲག་ཆེ་ཞིང་། ཀྲུང་གོས་ཧྥེ་གླིང་གི་རྒྱལ་ཁབ་དང་ལྷག་པར་དུ་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་དག་འཛམ་གླིང་དཔལ་འབྱོར་ཁྲོད་ཞུགས་པར་རོགས་རམ་བྱས་པའི་བློ་དཀར་འདོད་མོས་དང་དངོས་གཉེར་འགུལ་སྐྱོད་ལ་བསྟོད་བསྔགས་ཚད་མེད་ཐོབ།

གཏམ་བཤད་མི་སྣས་བལྟས་ན། འཛམ་གླིང་སྟེང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་སྡུད་ངང་གནས་པའི་སྐམ་ས་ཆེན་མོ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཧྥེ་གླིང་བར་གྱི་ཚོང་དོན་འཕེལ་རྒྱས་གྲོགས་པོའི་འགུལ་སྐྱོད་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་རྒྱུན་ཆད་མེད་པར་སྒུལ་ཤུགས་སྣོན་རྒྱུ་རེད།

ཀྲུང་གོར་རྒྱུན་སྡོད་འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་འཐུས་མི་ལིས་ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཧྥེ་གླིང་གི་འཛམ་གླིང་ཉོ་འཚོང་རྩ་འཛུགས་ཁོངས་མིའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་བཅོས་སྒྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། 2026ལོར་ཧྥེ་གླིང་ནས་སྤེལ་བའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་བཞི་པར་དངོས་གཉེར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཆ་ཏེར་སྡོད་པའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་འཐུས་མི་པ་ཏིས་སི་ཐི་ཡིས་བསྟན་དོན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དཔེ་མཚོན་ཡིན་པའི་ཆ་ནས། ཀྲུང་ཧྥེའི་མཉམ་ལས་ཀྱིས་འདྲ་མཉམ་དང་། སྔོན་དཔག་ཐུབ་པ། ཁ་གསལ་བཅས་ཀྱི་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་ཤུགས་བསྣན་ནས། འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་སྤྲད་ཡོད།

ལྷ་མོ་འཚོས་བསྒྱུར།