ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་གསར་པས་དམག་འཁྲུག་གི་ཐབས་ཇུས་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པར་བསྟན་པ།
2024.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

 ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་པ་ན་དབྱི་མུའུ·ཁ་ཞི་མུའུ་ཡིས་ཚེས30ཉིན་བསྟན་དོན། ཁོང་གིས་དེ་སྔོན་གྱི་ན་སི་ལུའུ་ལའི་དམག་འཁྲུག་གི་ཐབས་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས་ཅ་ཧྲའི་གཡུལ་སར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཁ་ཞི་མུའུ་ཚེས29ཉིན་ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་གསར་པར་བསྐོས། ཁོས་ཚེས30ཉིན་ཙུང་ཐུང་གི་འགན་བཞེས་རྗེས་ཀྱི་ཐེངས་དང་པོའི་བརྙན་འཕྲིན་གཏམ་བཤད་ཁྲོད་བཤད་རྒྱུར། “ངའི་བྱ་བའི་འཆར་གཞི་ནི་ནཱ་སི་ལུའུ་ལ་ཡི་ཆབ་སྲིད་དང་དམག་དོན། སྤྱི་ཚོགས་དང་རིག་གནས་སོགས་ཁྱབ་ཁོངས་ཡོད་ཚད་ནང་གི་འཆར་གཞིའི་རྒྱུན་མཐུད་རྒྱུ་དེ་ཡིན་”ཟེར།

ཁ་ཞི་མུའུ་ཡིས་ནན་གྱིས་བསྟན་དོན། ཅ་ཧྲ་ས་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་དབྱི་སི་རལ་གྱིས་ས་ཁུལ་དེར་བཟོས་པའི་འཇིགས་སྐུལ་ལ་ཁ་གཏད་གཅོག་པའི་ཐད་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། དབྱི་ལིང་གིས་ལེ་པ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་སྦ་གསང་བྱེད་དགོས་ཀྱི་མེད་ཟེར།

ཁ་ཞི་མུའུ་ཡིས་དེ་དང་ཆབས་ཅིག་ན་སི་ལུའུ་ལ་ལྐོག་གསོད་བྱས་པ་དེས་ཀྲིན་ཀྲུའུ་ཏང་ལ་ཤུགས་རྐྱེན་བཟོས་ཡོད་པ་ཁས་ལེན་བྱས་མོད། འོན་ཀྱང་ཁོས་རྩ་འཛུགས་དེར་ལས་གནས་སྟོང་པ་ཚང་མ་ཁ་གསབ་བྱེད་པའི་ནུས་པ་ཡོད་ཅེས་བསྐྱར་བསྒྲགས་བྱས།

ལེ་པ་ནུན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཚེས29ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པའི་ཟླ་སྟོད་ནས་བཟུང་ལེ་པ་ནུན་ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་བར་གྱི་དམག་འཁྲུག་དེས་ལེ་པ་ནུན་དུ་མི2792རྐྱེན་ལམ་དུ་ཤོར་ཡོད་པ་རེད།

ན་ནིང་ཟླ10པའི་ཚེས7ཉིན་གྱི་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་བྱུང་བ་ནས་བཟུང་ལེ་པ་ནུན་ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་བར་འཇབ་རྒོལ་ཡང་ཡང་བྱེད་ཀྱི་ཡོད། ད་ལོའི་ཟླ9བའི་ཚེས17ཉིན་ལེ་པ་ནུན་དུ་འཕྲིན་གཏོང་སྒྲིག་ཆས་འབར་གས་ཀྱི་དོན་རྐྱེན་བྱུང་རྗེས་ལེ་པ་ནུན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་ཛ་དྲག་ཏུ་ཕྱིན་ཡོད། དབྱི་སི་རལ་གྱིས་ལེ་པ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སོགས་སུ་བསྟུད་མར་མཁའ་རྒོལ་བྱེད་སྐབས་ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་པ་ན་སི་ལུའུ་ལ་ཚེས27ཉིན་མཁའ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད།

ཤ་བོ་གསེར་མཚོས་བསྒྱུར།