ཨུ་རུ་སུ་དཀར་པོའི་ཕྱི་འབྲེལ་པུའུ་ཀྲང་ལུའེ་རིན་ཁི་ཧྥུའུ་དང་སི་རི་ཡའི་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་པུའུ་ཡི་པུའུ་ཀྲང་ས་པ་ཀི་གཉིས་ཀྱིས་ཚེས29ཉིན་མེན་སི་ཁི་ནས་ཐུག་འཕྲད་བྱས་ཏེ་ནུབ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་དང་ཁྲིམས་འགལ་ངང་བཀག་སྡོམ་བྱས་པར་མཉམ་དུ་རྒོལ་གཏམ་བཏང་།
ས་པ་ཀི་ཡིས་ཚོགས་འདུ་གྲོལ་རྗེས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཕྱོགས་གཉིས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རང་བཙན་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་དང་ཁྲིམས་འགལ་གྱི་བཀག་སྡོམ་བྱས་པར་རྒོལ་གཏམ་བཏང་བ་མ་ཟད། རྒྱབ་ལྗོངས་དེའི་འོག་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་འཕེལ་རྒྱས་གཏོང་སྟངས་ལ་གྲོས་བསྡུར་ཡང་བྱས་ཡོད་ཟེར། ཁོས་བསྟན་དོན། ཕྱོགས་གཉིས་ཀྱིས་དབུས་ཤར་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མངའ་ཁོངས་སུ་སྤེལ་བའི་བྱ་སྤྱོད་ལ་མཉམ་དུ་རྒོལ་གཏམ་བཏང་བར་མ་ཟད། ས་ཁུལ་དེར་དམག་འཁྲུག་གང་མགྱོགས་ངང་ཐག་གཅོད་བྱ་དགོས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
ལུའེ་རིན་ཁི་ཧྥུའུ་ཡིས་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སུ་དཀར་པོས་སི་རི་ཡའི་རྒྱལ་ནང་དང་མཐའ་འཁོར་གྱི་གནས་བབ་ལ་དོ་ཁུར་བྱེད་པ་དང་། སི་རི་ཡའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ། ཞི་བདེར་རྒྱབ་སྐྱོར་དང་། གནས་བབ་ཞི་ལྷོད་དུ་གཏོང་བ། ཁྲག་འདོན་མཚམས་འཇོག་པ་བཅས་བྱས་ཏེ་དེ་དག་ཐད་དགོས་ངེས་ཀྱི་རྒྱབ་སྐྱོར་མུ་མཐུད་དུ་བྱེད་འདོད་ཡོད་ཟེར། ཁོས་བསྟན་དོན། ཨུ་རུ་སུ་དཀར་པོ་དང་སི་རི་ཡ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་ཆུ་ཚད་མཐོ་བའི་མཉམ་ལས་དང་འབྲེལ་བ་བཟང་པོ་འཕེལ་རྒྱས་གཏོང་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། མི་གཞུང་བཅས་ཀྱི་ཁྱབ་ཁོངས་དང་། དེ་བཞིན་ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་གནད་དོན་ཐད་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།