དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཚེས30ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་ཚེས28ཉིན་བྱང་ཕྱོགས་ཀྱི་ཅི་འར་ཁུའུ་ཁི་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་ཁྲོད་དུ་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་དྲག་ཆས་དམག་མི་བརྒྱད་བསད་ཡོད་པར་བསྟན།
གསལ་བསྒྲགས་ལས་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་ཚེས28ཉིན་ཅི་འར་ཁུའུ་ཁི་ཞིང་ཆེན་གྱི་རི་ཁུལ་དུ“དབྱི་སི་ལན་རྒྱལ་ཁབ”ཀྱི་དྲག་ཆས་དམག་མིར་ཐེངས་བཞི་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དམག་ཕྱོགས་དང་འཕྲིན་གཏོང་སྡེ་ཁག་གིས་གྲུབ་པའི་མཉམ་འབྲེལ་འགུལ་སྐྱོད་རུ་ཁག་གིས་ཚེས30ཉིན་ས་ཁུལ་དེར་སྔོག་བཤེར་བྱས་ནས། དྲག་ཆས་དམག་མིའི་བེམ་པོ་བརྒྱད་རྙེད་པར་མ་ཟད། མཚོན་ཆ་དང་འཕྲིན་གཏོང་སྒྲིག་ཆས། དངོས་རྒྱུ་བཅས་ཡར་སྤྲད་ཡོད་ཟེར།
དབྱི་རག་སྲིད་གཞུང་གིས2017ལོའི་ཟླ12པར“དབྱི་སི་ལན་རྒྱལ་ཁབ”ལ་རྡུང་རྡེག་གཏོང་བའི་འགུལ་སྐྱོད་ལ་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ། “དབྱི་སི་ལན་རྒྱལ་ཁབ”ཀྱི་སྟོབས་ཤུགས་ལྷག་མ་རྣམས་དབྱི་རག་གི་ཐག་རིང་གྲོང་གསེབ་ས་ཁུལ་དུ་བྲོས་ཤིང་། དུས་ངེས་མེད་དུ་འཇབ་རྒོལ་བྱེད་ཀྱིན་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།