ཚེས30ཉིན། ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་བརྡ་ཁྱབ་བཏང་ནས། དབྱི་སི་རལ་གྱིས་ཉིན་དེར་ལེ་པ་ནོན་གྱི་ཤར་རྒྱུད་ས་ཁུལ་ལ་མཁའ་རྒོལ་བྱས་པས་ཉུང་མཐར་ཡང་མི31རྐྱེན་ལམ་དུ་ཤོར་ཟེར།
བརྡ་ཁྱབ་ལས་བཤད་རྒྱུར། དབྱི་སི་རལ་གྱིས་པ་ལེ་པེ་ཁེ་ས་ཁུལ་པེ་ཏེ་ན་ཡེར་གྲོང་ཚོར་འཇབ་རྒོལ་བྱས་ནས་མི8རྐྱེན་ལམ་དུ་ཤོར་བའི་ནང་བུད་མེད5ཡོད་པ་དང་། པ་ལེ་པེ་ཁེ་ས་ཁུལ་གྱི་པའེ་ཐེ་ས་ལི་པི་གྲོང་རྡལ་ལ་འཇབ་རྒོལ་བྱས་ནས་མི11རྐྱེན་ལམ་དུ་ཤོར་བའི་ནང་བུད་མེད3ཡོད་པ་རེད། ཤར་རྒྱུད་པེ་ཁ་ས་ཁུལ་གྱི་སུའོ་ཧོ་མུར་གྲོང་རྡལ་ལ་འཇབ་རྒོལ་བྱས་ནས་མི12རྐྱེན་ལམ་དུ་ཤོར་ཡོད།
ལེ་པ་ནོན་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུ་དང་མི་མེད་གནམ་གྲུས་ཚེས30ཉིན། ལེ་པ་ནོན་གྱི་ལྷོ་རྒྱུད་ལ་མཁའ་རྒོལ་ཐེངས55བྱས་པ་དང་ལེ་པ་ནོན་གྱི་ཤར་རྒྱུད་ལ་མཁའ་རྒོལ་ཐེངས15བྱས་པ་རེད་ཟེར།
ཚེས30ཉིན། ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ན་ནིང་ཟླ10པའི་ཟླ་སྟོད་ནས་བཟུང་ལེ་པ་ནོན་གྱི་གཙོ་འགན་འཁུར་མཁན་ཏང་དང་དབྱི་སི་རལ་བར་གྱི་གདོང་ཐུག་དེའི་ཁྲོད་ལེ་པ་ནོན་དུ་མི2822རྐྱེན་ལམ་དུ་ཤོར་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།