སི་ཕེན་གྱི་ཆུ་ལོག་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས95བར་ཇེ་མང་དུ་སོང་།
2024.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཚེས30ཉིན།   སི་ཕེན་གྱི་སྨྱན་བྱད་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  དྲག་ཆར་དེ་ལས་ཐོན་པའི་ཆུ་ལོག་གིས་སི་ཕེན་གྱི་ཤར་ལྷོའི་རྒྱུད་དུ་ཉུང་མཐར་ཡང་མི95རྐྱེན་ལམ་དུ་ཤོར་ཡོད་པ་རེད། སི་ཕེན་སྲིད་གཞུང་གིས་རྐྱེན་ལམ་དུ་ཤོར་མཁན་ལ་དུས་ཡུན་ཉིན་གསུམ་རིང་གཞུང་ཕྱོགས་ཀྱིས་མྱ་ངན་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་འདུག

གནས་ཚུལ་སྤེལ་བ་ལྟར་ན།  ཉེ་ཆར་པ་ལུན་ཞིས་ཡ་དང་ཨན་ཏ་ལུའུ་ཞིས་ཡ། ཁ་སི་ཏི་ལི་ཡ་-ལ་མན་ཁྲ་བཅས་རང་སྐྱོང་ལྗོངས་ཀྱི་ས་ཁུལ་མང་པོ་ཞིག་ཏུ་དྲག་ཆར་བབས་ནས།  སི་ཕེན་གྱི་ཤར་ལྷོའི་རྒྱུད་ཀྱི་གཞུང་ལམ་མང་པོ་བཀག་སྟེ་པ་ལུན་ཞིས་ཡ་རང་སྐྱོང་ལྗོངས་ནས་རྒྱལ་ས་མ་ཏེ་རི་དང་པ་སའེ་ལུའོ་ན་བར་གྱི་མྱུར་བགྲོད་ལྕགས་ལམ་ཡང་གནས་སྐབས་སྤྱོད་མཚམས་བཞག་ཡོད་པ་རེད། དྲག་ཆར་གྱིས་གློག་ཆད་པ་དེས་ད་དུང་མི་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔ་ཙམ་ལ་ཤུགས་རྐྱེན་ཐེབས་འདུག

ཚེས30ཉིན།   སི་ཕེན་གྱི་མངའ་ཁོངས་སྲིད་ཇུས་ཀྱི་བློན་ཆེན་ཐུའོ་ལེ་སིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཟླ10བའི་ཚེས31ཉིན་ནས་ཟླ11པའི་ཚེས2ཉིན་བར་ཆུ་ལོག་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་གཞུང་ཕྱོགས་ཀྱིས་མྱ་ངན་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།  སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ཟླ10བའི་ཚེས31ཉིན་གནོད་འཚེ་ཚབས་ཆེ་ཤོས་ཀྱི་པ་ལུན་ཞིས་ཡ་ཞིང་ཆེན་དུ་གནོད་འཚེའི་གནས་ཚུལ་ལ་རྟོག་ཞིབ་བྱེད་དུ་འགྲོ་རྒྱུ་རེད།

སི་ཕེན་སྲིད་གཞུང་གིས་མཁོ་འདོན་བྱས་པའི་གཞི་གྲངས་ལྟར་ན།  །སི་ཕེན་གྱིས་དམག་དོན་འཕྲལ་སྡོམ་དཔུང་སྡེའི་ཁོངས་མི1116དང་། སྐམ་དམག་གི་དམག་མི་200  རྒྱལ་དམངས་ཉེན་སྲུང་རུ་ཁག་གི་ཁོངས་མི750  རྒྱལ་ཁབ་ཀྱི་ཉེན་རྟོག་པ་100   ས་གནས་ཀྱི་ཉེན་རྟོག་པ་མང་པོ་བཅས་གནོད་སེལ་བྱ་བར་ཞུགས་སུ་བཅུག་པ་དང་།   དེ་མིན་རླངས་འཁོར300ལྷག་ཙམ་དང་མཁའ་ཐོག་གི་སྟོབས་ཤུགས་ཀྱང་སྤྱད་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།