སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ཟླ10བའི་ཚེས31ཉིན་བཤད་རྒྱུར། མུ་མཐུད་དུ་དྲག་ཆས་གདོང་ཐུག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒྱལ་ཁབ་དེའི་སྦྲུམ་མ་དང་བྱིས་པའི་གནས་ཚུལ་ལ་སེམས་ཁྲལ་བྱེད་དགོས་འདུག་ཟེར།
སུའུ་ཏན་གྱི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་དབྱི་པུའུ་ལ་ཞིན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས། སུའུ་ཏན་གྱི་སྦྲུམ་མ་འབུམ་གཅིག་གི་ནང་ནས་མི295ཤི་བཞིན་ཡོད་པ་དང་། བྱིས་པ་ཆུང་ཆུང་སྟོང་གཅིག་གི་ནང་དུ་བྱིས་པ51ཤི་བཞིན་ཡོད་པ་རེད། སྦྲུམ་མ་དང་བྱིས་པའི་ཤི་ཚད་ཇེ་ཉུང་དུ་གཏོང་ཆེད། སུའུ་ཏན་འཕྲོད་བསྟེན་པུའུ་དང་རྒྱལ་སྤྱིའི་མཉམ་ལས་གྲོགས་པོས་མཉམ་དུ2025ལོའི་མ་བུའི་བདེ་ཐང་གི་འཐབ་ཇུས་འཆར་གཞི་བཟོས་པ་དང་སྔོན་དཔག་བྱས་ན་མ་དངུལ་སྒོར་མོ་དུང་ཕྱུར2ལྷག་ཙམ་གཏོང་རྩིས་ཡོད་པ་རེད།
སུའུ་ཏན་ཁྱིམ་ཚང་འཆར་གཞི་མཐུན་ཚོགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། སྨན་བཅོས་ནད་གཡོག་འོས་འཚམ་མ་བྱུང་བའི་དབང་གིས་རྒྱལ་ཁབ་དེའི་ཡུལ་གྱར་བ་བསྡུ་ཉར་ཁང་གི་སྦྲུམ་མ་དང་བྱིས་པའི་ཤི་ཚད་ཇེ་ཉུང་དུ་འགྲོ་བཞིན་མེད་ཅིང་། སྦྲུམ་མའི་མངལ་ཤོར་ཚད་ཀྱང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། གཞན་ཡང་འཕྲོད་བསྟེན་སྒྲིག་ཆས་དང་དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་མི་འདང་བའི་དབང་གིས་འགོ་ནད་གཞི་ཁྱོན་ཆེན་པོས་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ཟེར།
2023ལོའི་ཟླ4པར། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་བར་རྒྱལ་ས་ཁར་ཐུམ་དུ་གདོང་ཐུག་དྲག་པོ་ བྱུང་བ་དང་། དེའི་རྗེས་དམག་འཁྲུག་གི་མེ་ལྕེ་དེ་ས་ཁུལ་གཞན་དུ་མཆེད་པ་རེད། མུ་མཐུད་དུ་གདོང་ཐུག་བྱུང་བ་དེས་སུའུ་ཏན་གྱི་འཕྲོད་བསྟེན་མ་ལག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས། དབྱི་པུའུ་ལ་ཞིན་གྱིས་བཤད་རྒྱུར། སུའུ་ཏན་རྒྱལ་ཁབ་ཀྱི་སྨན་ཁང་ཕྱེད་ཀའི་སྒོ་བརྒྱབ་ཡོད་པ་དང་། མི་བྱེ་བ་གཉིས་ཙམ་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ཐོབ་དཀའ་བར་གྱུར་ནས། འགོ་ནད་སྣ་ཚོགས་རྒྱལ་ཁབ་དེའི་ས་ཁོངས་མང་པོར་ཁྱབ་བཞིན་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།