དབྱི་སི་རལ་གྱིས་ལེ་པ་ནུན་ལ་བར་སྣང་ནས་འཇབ་རྒོལ་བྱས།
2024.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ལེ་པ་ནུན་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣས་ཕྱིར་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཟླ10པའི་ཚེས31ཉིན་ལེ་པ་ནོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཆ་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་ནས་ཁྱོན་བསྡོམས་མི13རྐྱེན་ལམ་དུ་ཤོར་བ་དང་མི་5ལ་རྨས་སྐྱོན་ཕོག་ཡོད་ཟེར།

གནས་ཚུལ་སྤེལ་མཁན་དེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུ་དང་མི་མེད་གནམ་གྲུས་ཉིན་དེར་ལེ་པ་ནོན་གྱི་ལྷོ་རྒྱུད་ཀྱི་གྲོང་རྡལ་དང་གྲོང་ཚོར་དམིགས་ཏེ་བར་སྣང་ནས་འཇབ་རྒོལ་སྔ་ཕྱི་ཐེངས12བྱས་པ་དང་། དུས་མཚུངས་སུ། ལེ་པ་ནོན་ཤར་རྒྱུད་ཀྱི་གྲོང་རྡལ་དང་གྲོང་ཚོར་བར་སྣང་ནས་འཇབ་རྒོལ་སྔ་ཕྱི་ཐེངས6བྱས་ཟེར།

གཞན་ཡང་དབྱི་སི་རལ་མྱུར་སྐྱོབ་རྩ་འཛུགས་དང་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས31ཉིན་དབྱི་སི་རལ་གྱི་བྱང་རྒྱུད་དུ་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་ཏེ། དབྱི་སི་རལ་གྱི་མཐའ་མཚམས་གྲོང་ཁྱེར་མེ་ཐུའུ་ལཱ་དང་མཚོ་རྒྱུད་གྲོང་ཁྱེར་ཧའེ་ཧྥ་རྒྱུད་དུ་ཁྱོན་བསྡོམས་མི7རྐྱེན་ལམ་དུ་བཏང་བ་དང་།  ཉིན་དེའི་ཉིན་གུང་ཀྲིན་ཀྲུའུ་ཏང་གིས་འཕངས་པའི་མེ་ཤུགས་འཕུར་མདེལ་གྱིས་མེ་ཐུའུ་ལྭ་གྲོང་ཁྱེར་ཉེ་འགྲམ་གྱི་ཞིང་ལས་ས་ཁུལ་ཞིག་ལ་ཕོག་ནས། མི5རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གི་མི་གཅིག་དབྱི་སི་རལ་གྱི་སྤྱི་དམངས་ཡིན་པ་དང་གཞན་བཞི་ནི་ཕྱི་རྒྱལ་གྱི་མི་རེད། ཉིན་དེར་དབྱི་སི་རལ་མྱུར་སྐྱོབ་རྩ་འཛུགས“ཏ་ཝུའེ་ཏུང་དམར་པོས”བཤད་པ་ལྟར་ན། མཚོ་རྒྱུད་གྲོང་ཁྱེར་ཧའེ་ཧྥ་ཡི་ཉེ་འགྲམ་དུ་མི་གཉིས་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཕོག་ནས་རྐྱེན་ལམ་དུ་བཏང་ཡོད་ཟེར།

ཚེས30ཉིན། ལེ་པ་ནུན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པའི་བསྡོམས་རྩིས་གྲངས་ཀ་ལྟར་ན། ན་ནིང་གི་ཟླ10པའི་ཟླ་སྟོད་ནས་བཟུང་ལེ་པ་ནུན་ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་དེས་ལེ་པ་ནུན་གྱི་མི2822རྐྱེན་ལམ་དུ་བཏང་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།