ཚེས1ཉིན། ལེ་པ་ནོན་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ལེ་པ་ནོན་གྱི་ཤར་རྒྱུད་དུ་མཁའ་རྒོལ་བྱས་ཏེ་མི48རྐྱེན་ལམ་དུ་ཤོར་བ་དང་མི50ལ་རྨས་སྐྱོན་ཕོག་ཡོད་ཟེར།
གནས་ཚུལ་སྤེལ་མཁན་དེས་བཤད་རྒྱུར། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུ་དང་མི་མེད་གནམ་གྲུས་ཉིན་དེར་ལེ་པ་ནོན་ཤར་རྒྱུད་ཀྱི་པ་ལེ་པེ་ཁེ་གྲོང་ཁྱེར་དང་། དེ་མིན་མཐའ་འཁོར་གྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་ཚོ་བཅུ་ལྷག་ཙམ་ལ་མཁའ་རྒོལ་ཐེངས34བྱས་པ་རེད། མིག་སྔར་རོགས་སྐྱོབ་མི་སྣས་སྔར་བཞིན་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་དང་། ཚོད་དཔག་བྱས་ན་མི15གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
ཚེས1ཉིན། ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ན་ནིང་ཟླ10པའི་ཟླ་སྟོད་ནས་བཟུང་ལེ་པ་ནོན་གྱི་གཙོ་འགན་འཁུར་མཁན་ཏང་དང་དབྱི་སི་རལ་བར་གྱི་གདོང་ཐུག་དེའི་དབང་གིས་ལེ་པ་ནོན་དུ་མི2897རྐྱེན་ལམ་དུ་ཤོར་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།