ཕ་ཁི་སི་ཐན་གྱི་པིས་ལུའུ་ཀྲི་མངའ་སྡེ་རུ་འབར་མདེལ་གྱི་འཇབ་རྒོལ་ཐེབས་ནས་མི7ཤི་བ་དང་མི16ལ་རྨས་ཕོག
2024.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཚེས1ཉིན།ཕ་ཁི་སི་ཐན་གྱི་དཔོན་རིགས་ཤིག་གིས་བཤད་རྒྱུར།ལྷོ་ནུབ་རྒྱུད་ཀྱི་པིས་ལུའུ་ཀྲི་མངའ་སྡེ་རུ་ཉིན་དེའི་སྔ་དྲོར་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་མི7རྐྱེན་ལམ་དུ་ཤོར་བ་དང་མི16ལ་རྨས་ཕོག་ཡོད་ཟེར།

ཟླ11པའི་ཚེས1ཉིན།ཕ་ཁི་སི་ཐན་གྱི་པིས་ལུའུ་ཀྲི་མངའ་སྡེའི་མོ་སི་ཏུང་ས་ཁུལ་དུ་བདེ་འཇགས་མི་སྣས་འབར་གས་བྱུང་སར་ལྟ་ཞིབ་བྱེད་བཞིན་པ།

ཕ་ཁི་སི་ཐན་གྱི་དཔོན་རིགས་ཤིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།པིས་ལུའུ་ཀྲི་མངའ་སྡེའི་མོ་སི་ཏུང་ས་ཁུལ་དུ་འཇབ་རྒོལ་ཐེབས་པ་དང་།སྟབས་བདེའི་འབར་གས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པའི་འཕྲུལ་རྟ་གཅིག་ཉེན་རྟོག་པའི་རླངས་འཁོར་གྱི་འགྲམ་ནས་འབར་གས་བྱུང་བ་དང་།ཉེ་འགྲམ་དུ་སྐྱོད་པའི་སློབ་གྲྭའི་རླངས་འཁོར་གཅིག་ལའང་ཤུགས་རྐྱེན་ཐེབས་ཡོད། འཇབ་རྒོལ་ཁྲོད་བྱིས་པ4དང་ཉེན་རྟོག་པ1བཅས་མི7རྐྱེན་ལམ་དུ་ཤོར་བ་དང་།གཞན་ཡང་མི16ལ་རྨས་ཕོག་ཡོད་ཅིང་།རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ཟིན།

ཕ་ཁི་སི་ཐན་གྱི་ཙུང་ཐུང་ཚབ་མ་ཅི་ལ་ཉི་དང་ཙུང་ལི་ཞ་པ་ཙི་གཉིས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་རེད། པིས་ལུའུ་ཀྲི་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ས་ཧྥུའུ་ལ་ཙི·པུའུ་ཀེ་ཏི་ཡིས་གསལ་སྒྲོག་སྤེལ་ནས་འཇིགས་སྐུལ་པའི་འཇབ་རྒོལ་བྱ་སྤྱོད་ལ“མི་གཤིས་གཏན་ནས་མེད”པས་སྲིད་གཞུང་གིས་བྱ་སྤྱོད་སྤེལ་ནས་འཇིགས་སྐུལ་པར་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་ཞེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།