ཚེས1ཉིན།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ཚོགས་འདུར་ཞུགས་རྒྱུ་གོ་སྐབས་སུ་བྱས་ནས།ཕྱོགས་སོ་སོ་དང་མཉམ་དུ་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་།མཉམ་ལས་ཀྱི་ཞིབ་ཐོ་ཇེ་རིང་དུ་བཏང་སྟེ་ཀྲུང་གོའི་ཁྲོམ་ར་ཆེན་པོའི་གོ་སྐབས་རྒྱལ་ཁབ་སོ་སོར་མཉམ་སྤྱོད་ཀྱིས་མི་མང་པོར་ཕན་པ་ཐོབ་པར་བྱེད་འདོད་ཡོད་ཅེས་བསྟན།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་གསར་འགོད་པ་ཞིག་གིས་འདྲི་རྒྱུར།སྐབས་བདུན་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམ་སྟོན་ཚོགས་འདུ་གཟའ་འཁོར་རྗེས་མར་འགོ་རྩོམ་རྒྱུ་ཡིན་པ་དང་ད་ལྟ་གྲ་སྒྲིག་བྱ་བ་སོ་སོ་སྤྱིར་ན་ལེགས་གྲུབ་ཟིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན།འཛམ་གླིང་གི་སྟོབས་ལྡན་ཁེ་ལས500དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས297དང་།རྒྱལ་ཁབ་མང་པོ་ནས་ཡོང་བའི་ཉོ་སྒྲུབ་ཚོགས་པ800ཙམ་འགྲེམས་ཚོགས་ནང་ཞུགས་རྒྱུ་ཡིན་པས་གྲངས་འབོར་གྱི་ཐད་ནས་སྔོན་ཆད་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་རེད། མགྲིན་ཚབ་པས་སྐབས་འདིའི་རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ཚོགས་འདུས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པར་གདེང་འཇོག་ཇི་ལྟར་བྱེད་ཀྱི་ཡོད།
ལིན་ཅན་གྱིས་བཤད་རྒྱུར།རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ཚོགས་འདུ་གཉེར་བ་ནི་ཀྲུང་གོས་རང་བརྟེན་སྒོ་འབྱེད་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་ཀྲུང་གོས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ཤིག་ཀྱང་ཡིན། གཞི་གྲངས་ལས་ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ཡིད་དབང་འགུག་ཤུགས་གང་ལེགས་ཀྱིས་མངོན་པ་དང་།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་པ་མཚོན་ལ།ཕྱོགས་སོ་སོས་སྒོ་འབྱེད་དང་མཉམ་ལས་བྱས་པ་བརྒྱུད་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བའི་ཐུན་མོང་གི་བསམ་འདུན་ཡང་མངོན་ཡོད།
ལིན་ཅན་གྱིས་བསྟན་དོན།2018ལོར་ཐེངས་དང་པོར་གཉེར་ཚུན་དུ།དངོས་མང་བཤམ་སྟོན་ཚོགས་འདུའི་བྱེད་སྒོ་རྒྱུན་ཆད་མེད་པར་རིམ་སྤོར་དང་རྒྱ་ཆེ་རུ་ཕྱིན་ནས།ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐར་ཁུང་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་སྟེགས་བུ་ཞིག་ཏུ་གྱུར་ཡོད། བཤམ་སྟོན་ཚོགས་འདུར་ཞུགས་མཁན་གྱི་གྲོགས་པོ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཀྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད། ཐེངས་འདིའི་འགྲེམས་ཚོགས་ཀྱིས་འཕེལ་རྒྱས་དལ་བའི་རྒྱལ་ཁབ37གྱི་ཁེ་ལས་འགྲེམས་སྟོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་།བཟའ་བཅའ་དང་ཞིང་ལས་ཐོན་རྫས་འགྲེམས་ཁུལ་དུ་ཨ་ཧྥེ་རི་ཁའི་ཐོན་རྫས་ཆེད་ཁུལ་གྱི་རྒྱ་ཁྱོན་སྔར་ལས་ཆེ་རུ་བཏང་ནས།འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་མང་པོ་ཞིག་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ནང་ཞུགས་སུ་འཇུག་རྒྱུ་ཡིན་ཟེར།
ལིན་ཅན་གྱིས་བཤད་རྒྱུར།སྒོ་འབྱེད་ནི་རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ཚོགས་འདུར་ཞུགས་པའི་སྲོག་ཤིང་གི་འདུ་ཤེས་ཡིན་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་མཚོན་རྟགས་མངོན་གསལ་ཞིག་ཀྱང་ཡིན།ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་བཞིན་ཡོད།ང་ཚོས་རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ཚོགས་འདུར་ཞུགས་རྒྱུ་གོ་སྐབས་སུ་བརྩིས་ནས།ཕྱོགས་སོ་སོ་དང་མཉམ་དུ་སྒོ་འབྱེད་རྒྱ་ཆེར་བྱེད་པ་དང་མཉམ་ལས་ཟབ་མོ་བྱས་ནས།ཀྲུང་གོའི་ཁྲོམ་ར་ཆེན་མོའི་གོ་སྐབས་རྒྱལ་ཁབ་སོ་སོར་མཉམ་སྤྱོད་ཀྱིས་མི་མང་པོར་ཁེ་ཕན་སྐྲུན་འདོད་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།