“མཉམ་དུ་མ་འོངས་པའི་སྦྲེལ་ཟམ་བསྐྲུན”ཞེས་པའི་ཀྲུང་ཨའི་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་དེ་ཟླ11པའི་ཚེས1ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་རུ་བསྡུས། དུས་ཡུན་ཉིན་གསུམ་གྱི་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་ནས་ཀྲུང་གོ་དང་ཨ་རབ་བར་འབྲེལ་བ་བཙུགས་ཚུན་གྱི་མཛའ་བརྩེའི་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས། ཀྲུང་གོ་དང་ཨ་རབ་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་འགྲེམས་སྟོན་བྱས།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་དབྱི་མེན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རིག་གནས་པུའུ་ཀྲང་ས་ལིས་མུའུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་དོན་པུའུ་ཀྲང་ས་ཡེ་ཧེ། ཨབ་ཀྲ་པེ་རིག་གནས་ཡུལ་སྐོར་ཅུའུ་ཡི་ཀྲུའུ་ཞི་མུའུ་པ་ལ་ཁི་སོགས་ཀྲུང་གོ་དང་ཨ་རབ་ཀྱི་སྐུ་མགྲོན་འགོ་རྩོམ་མཛད་སྒོར་ཞུགས།
རྟེན་འབྲེལ་ཞུ་བའི་མཛད་སྒོ་དེ“སྔོན་ཆད”དང་།“ད་ལྟ”“མ་འོངས་པ”བཅས་ས་བཅད་ཆེན་པོ་གསུམ་དུ་ཕྱེ་ཡོད་ཅིང་། འཁྲབ་སྟོན་དང་འགྲེམས་སྟོན། རིག་གནས་ཉམས་ལེན་སོགས་ཀྱི་རྣམ་པའི་སྟེང་ནས་ཀྲུང་ཨ་བར་འབྲེལ་བ་བཙུགས་ནས་ལོ40རིང་གི་ཆབ་སྲིད་དང་དཔལ་འབྱོར་ཚོང་དོན། ཚན་རྩལ། རིག་གནས། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཐད་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་འགྲེམས་སྟོན་བྱས།
བྱ་འགུལ་གྱི་ཡུལ་དངོས་སུ་ལྟད་མོ་བ་ཚོས་ཀྲུང་གོའི་ཧྲའོ་ལིན་དྲག་རྩལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི“ཨ་ཡ་ལའི་ཞབས་བྲོ”ལ་བལྟས་པ་དང་། ཞིམ་ཟས་སྣ་ཚོགས་ལ་རོལ་མྱོང་བྱས་ནས་ཀྲུང་ཨའི་རིག་གནས་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དམིགས་བསལ་གྱི་ཡིད་དབང་འགུག་ཤུགས་ལ་མཉམ་རོལ་བྱས།
“ཀྲུང་གོའི་གློག་སྒྲོན་གྱིས་ཁེངས་པའི་མུ་ཁྱམས”ལ་ཐེངས་འདིའི་བྱ་འགུལ་ཁྲོད་གཞན་ལས་ཁྱད་ཆོས་ལྡན་ཞིང་། ལྟད་མོ་བ་རྣམས་ཀྱིས་སྨོན་ལམ་འདེབས་ཞོར་དར་སྐུད་དམར་པོ་ཞིག་བླངས་ཏེ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མ་འོངས་པའི་ལོ་ངོ་བཞི་བཅུའི་མཛའ་བརྩེའི་མཉམ་ལས་ལ་སྨོན་ལམ་བཏབ་ནས་རེ་སྒུག་བྱེད་བཞིན་ཡོད།
ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོ་དང་ཨ་རབ་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བའི་རྟེན་འབྲེལ་བྱ་འགུལ་རབ་དང་རིམ་པའི་གྲས་ཤིག་ཡིན་ཞིང་།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ལས་ཤག་གི་རྒྱལ་ཁབ་ལས་གཞིའི་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱིས་སྒྲུབ་རོགས་བྱས་པར་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་རྒྱབ་སྐྱོན་ཆེན་པོ་བྱས་ནས་སྒྲུབ་པ་ཞིག་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།