ཚེས2ཉིན་ཉིན། ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་བརྡ་ཁྱབ་སྤེལ་ནས་བཤད་རྒྱུར། ཉིན་དེར་དབྱི་སི་རལ་གྱིས་ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེ་ལྷོ་འདབས་ཀྱི་འཛུགས་སྐྲུན་ཐོག་ཁང་ཞིག་ལ་མཁའ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི11ལ་རྨས་ཕོག་ཡོད་ཟེར།
ལེ་པ་ནོན་གྱི“བརྙན་འཕྲིན་ལས་ཁུངས་གསར་པའི”སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་མཁའ་རྒོལ་གྱི་དམིགས་ཡུལ་ནི་འཕྲུལ་རྟའི་ཚོང་ཁང་ཞིག་ཡིན་པ་དང་། ཚོང་ཁང་དེ་མི་གྲངས་མང་བའི་གནས་སུ་ཡོད་ཅིང་། ཉེ་འགྲམ་དུ་ཉོ་སྒྲུབ་ལྟེ་གནས་དང་ཟ་ཁང་སོགས་ཡོད། དོན་རྐྱེན་བྱུང་རྗེས་མྱུར་སྐྱོབ་རླངས་འཁོར་གྱིས་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་བ་དང་ལེ་པ་ནོན་སྲིད་གཞུང་གི་དམག་མི་ཡང་ཡུལ་དངོས་སུ་བརྟག་དཔྱད་བྱེད་དུ་ཐོན།
དབྱི་སི་རལ་ཕྱོགས་ཀྱིས་གནས་ཚུལ་དེའི་ཐད་ལན་ཅི་ཡང་བཏབ་མེད།
ཚེས1ཉིན། ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པའི་ཟླ་སྟོད་ནས་བཟུང་ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་གྱི་གདོང་ཐུག་དེ་ལས་ལེ་པ་ནོན་དུ་མི2897རྐྱེན་ལམ་དུ་ཤོར་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།