སི་ཕེན་ལ་ཆུ་ལོག་ཚབས་ཆེན་བྱུང་ནས་མི200ལྷག་ཙམ་རྐྱེན་ལམ་དུ་ཤོར།
2024.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཉིན་ཤས་ཀྱི་སྔོན་དུ་དྲག་ཆར་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་སི་ཕེན་ལ་ལོ་བཅུ་ཕྲག་རིང་དུ་བྱུང་མ་མྱོང་བའི་ཆུ་ལོག་ཚབས་ཆེན་བྱུང་ནས་མིག་སྔར་མི200ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། ཆུ་ལོག་བྱུང་སར་ཟམ་པ་བརྡིབས་པ་དང་།རླངས་འཁོར་མགོ་རྟིང་སློག་པ།ས་ཞིང་ཆུས་བསྣུབས་པ།གྲོང་ཚོར་འདམ་གྱིས་ཁེབས་པ་བཅས་ཀྱི་གནས་ཚུལ་བྱུང་ཡོད། སྨྱན་བྱད་མང་པོ་ཞིག་གིས་གནས་ཚུལ་སྤེལ་ནས།དེ་ནི་ལོ་བཅུ་ཕྲག་ཅིག་གི་རིང་དུ་སི་ཕེན་དུ་ཆུ་ལོག་གི་དབང་གིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཆེས་མང་ཤོས་དེ་ཡིན་པ་དང་།1970ལོའི་ཚུན་ལ་ཡོ་རོབ་ས་ཁུལ་དུ་བྱུང་བའི་ཆུ་ལོག་ཆེན་པོ་དེ་ཡིན་པར་བསྒྲགས།

པ་ལུང་ཞིས་ཡ་རང་སྐྱོང་ལྗོངས་ནི་ཐེངས་འདིར་གནོད་འཚེ་ཕོག་པ་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ཞིང་།ས་ཆ་མང་པོ་ཞིག་ཏུ་གློག་དང་ཆུ་མཁོ་འདོན།འཕྲིན་གཏོང་བཅས་མཚམས་ཆད་པ་དང་།གཞུང་ལམ་མང་པོ་ཞིག་ཤར་བགྲོད་བྱེད་པར་ཡང་ཤུགས་རྐྱེན་ཐེབས་ཡོད།རྒྱལ་ས་མ་ཏི་ལེ་དང་པ་སའེ་ལུའོ་ན་ནས་པ་ལུང་ཞིས་ཡ་རང་སྐྱོང་ལྗོངས་སུ་སྐྱོད་པའི་མྱུར་བགྲོད་ལྕགས་ལམ་གནས་སྐབས་སུ་ལས་གཉེར་བྱེད་མཚམས་བཞག་ཡོད་པ་རེད། སི་ཕེན་གྱི་འགྲིམ་འགྲུལ་བློན་ཆེན་ཨའོ་སི་ཁ·ཕུའུ་ཨིན་ཐི་ཡིས་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་གཟའ་འཁོར་གཉིས་ཀྱི་ནང་དུ་སླར་གསོ་བྱེད་ཐུབ་མོད།འོན་ཀྱང་གྲོང་འདབས་ཀྱི་ལྕགས་ལམ་ནམ་ཞིག་ལ་ཤར་གཏོང་བྱེད་ཐུབ་མིན་གནས་སྐབས་ཚོད་དཔག་བྱེད་དཀའ་བ་ཞིག་རེད་ཟེར།

སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ཡིས་ཟླ11པའི་ཚེས2ཉིན།བརྙན་འཕྲིན་གཏམ་བཤད་སྤེལ་སྐབས།སྲིད་གཞུང་གིས་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཁུལ་པ་ལུང་ཞིས་ཡ་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཀྱིས་དམག་མི5000གནོད་ཁུལ་དུ་རོགས་སྐྱོབ་བྱེད་པར་ཇེ་མང་དུ་གཏོང་རྒྱུ་དང་། དུས་མཚུངས་སུ་ཉེན་རྟོག་པ་དང་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་མི་སྣ5000གནོད་ཁུལ་དུ་མངགས་རྒྱུ་ཡིན་ཞེས་བཤད།

ཞིབ་འཇུག་མི་སྣས་བཤད་པ་ལྟར་ན།གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་གནམ་གཤིས་མི་ལེགས་པའི་གནས་ཚུལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བཤད།གནམ་གཤིས་ཆེད་མཁས་པས་ས་དབུས་རྒྱ་མཚོ་ཇེ་དྲོར་སོང་ནས་ཆུའི་རླངས་འགྱུར་མང་དུ་འཕེལ་བ་དེ་ནི་དྲག་ཆར་འབབ་པའི་རྒྱུ་རྐྱེན་གཙོ་བོར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།