ཚེས2ཉིན།དབྱི་སི་རལ་གྱི་དམག་དཔུང་གི་ཆ་འཕྲིན་མི་སྣས་བདེན་དཔང་བྱས་དོན།དབྱི་སི་རལ་མཚོ་དམག་གི་འཕྲལ་སྒྲུབ་རུ་ཁག་ཅིག་ཚེས1ཉིན་ལེ་པ་ནོན་གྱི་བྱང་རྒྱུད་དུ་ཐོན་པ་དང་།ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་གི་དཔོན་རིགས་གཙོ་བོ་ཞིག་འཛིན་བཟུང་བྱས་པར་མ་ཟད་དབྱི་སི་རལ་དུ་ཁྲིད་པ་ར་སྤྲོད་བྱས། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བཤད་པ་ལྟར་ན།དེ་ནི་ལེ་པ་ནོན་དང་དབྱི་སི་རལ་གྱི་གནས་བབ་ཇེ་ལེགས་སུ་སོང་བའི་ཚུན་དུ་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་གྱི་བྱང་རྒྱུད་དུ་མཚོ་ཐོག་ནས་འཕྲལ་རྒོལ་བྱ་སྤྱོད་སྤེལ་ཐེངས་དང་པོ་དེ་རེད།
འདི་ནི་ཟླ10བའི་ཚེས30ཉིན་ལེ་པ་ནོན་པེ་ཁ་ནས་བླངས་བའི་དབྱི་སི་རལ་གྱི་མཁའ་རྒོལ་རྗེས་ཀྱི་ཞིག་རོའི་རྣམ་པ་རེད།
མིང་བཤད་མི་འདོད་པའི་དབྱི་སི་རལ་གྱི་དམག་དཔུང་གི་ཆ་འཕྲིན་མི་སྣ་ཞིག་གིས་བཤད་རྒྱུར།དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་གྱི་བྱང་རྒྱུད་ནས་ཀྲིན་ཀྲུའུ་ཏང་གི“མཐོ་རིམ་གསང་ཉུལ་བ”ཞིག་འཛིན་བཟུང་བྱས་ནས་དབྱི་སི་རལ་གྱི་ས་ཁོངས་སུ་ཁྲིད་ནས་འདྲི་རྩད་བྱེད་བཞིན་ཡོད་ཟེར།
ལེ་པ་ནོན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཉིན་དེའི་སྔ་དྲོར་གནས་ཚུལ་སྤེལ་བ་ལྟར་ན།“ཐོབ་ཐང་གསལ་པོར་མི་ཤེས་པའི་དྲག་ཆས་དམག་དཔུང”ཞིག་ཚེས1ཉིན་གྱི་ནམ་གུང་ལེ་པ་ནོན་བྱང་རྒྱུད་ཀྱི་པའེ་ཐི་ལུང་ཉེ་འགྲམ་གྱི་མཚོ་འགྲམ་སྐམ་སར་ཐོན་ནས་ལེ་པ་ནོན་གྱི་སྤྱི་དམངས་ཤིག་བཙན་ཁྲིད་བྱས་ཏེ་མགྱོགས་གྲུར་བསྡད་ནས་ཁ་བྲལ་བ་རེད།
ལེ་པ་ནོན་གྱི་ཁྲིམས་འཛིན་དཔོན་རིགས་གསུམ་ཀྱིས་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་ལ་བཤད་རྒྱུར།ལེ་པ་ནོན་ཕྱོགས་ཀྱིས་དབྱི་སི་རལ་གྱིས་བཙན་ཁྲིད་བྱས་པའི་སྐྱེས་པ་དེ་ཀྲིན་ཀྲུའུ་ཏང་དང་འབྲེལ་བ་ཡོད་མེད་དང་ཁོས་དབྱི་སི་རལ་གྱི་གསང་འཕྲིན་སྡེ་ཁག་ལ་གསང་མྱུལ་གྱི་བྱ་བ་སྒྲུབ་བཞིན་ཡོད་མེད་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་།དེ་ནི་དབྱི་སི་རལ་གྱིས་སྤེལ་བའི་མི་སྐྱོབ་པའི་བྱ་སྤྱོད་ཅིག་ཡིན་ནམ་ཐེ་ཚོམ་ཟ་བཞིན་ཡོད།
ཨ་རིའི་ཨ་ཁི་ཞིས་ཨའོ་སི་གསར་འགྱུར་དྲ་ཚིགས་ཀྱི་གསར་འགོད་པས་དབྱི་སི་རལ་ཕྱོགས་ཀྱི་གནས་ཚུལ་དྲངས་ནས་སྤྱི་ཚོགས་སྨྱན་བྱདXསྟེང་བཤད་རྒྱུར།དབྱི་སི་རལ་མཚོ་དམག་གིས་ཚེས1ཉིན་བཟུང་བའི་སྐྱེས་པའི་མིང་ལ་དབྱི་མ་ཏི·ཨ་མུའུ་ཧ་ཙི་ཟེར་བ་དང་དེ་ནི་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་དཔོན་རིགས་ཤིག་རེད་ཟེར།
ཟླ10བའི་ཚེས20ཉིན།དབྱི་སི་རལ་གྱི་བྱང་རྒྱུད་ཀྱི་ལུའོ་ཧྲི་ཕིས་ན་ལ་ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་གི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ནས་མེར་ཤོར་བའི་རྣམ་པ།
ཡིན་ནའང་རང་ཉིད་ཀྱིས་སྐྱེས་པ་དེ་དངོས་སུ་ངོ་ཤེས་མཁན་ཞིག་གིས་ཧྥ་རན་སེའི་གསར་འགྱུར་ཁང་ལ་བཤད་པ་ལྟར་ན།བཙན་ཁྲིད་བྱས་པའི་སྐྱེས་པ་དེ་ནི་ས་གནས་དེའི་མཚོ་དོན་སློབ་གླིང་གི་ཟབ་སྦྱོང་སློབ་མ་ཞིག་ཡིན་པ་དང་།ད་ལོ་ལོ30ཡིན་ཞིང་། ཉིན་དེར་ཁོ་རང་སློབ་གླིང་གི་ཉེ་འགྲམ་གྱི་སློབ་མའི་ཉལ་ཁང་ནས་ཁྲིད་སོང་བ་རེད་ཟེར།
གཞན་ཡང་གནས་ཚུལ་དེ་མཐོང་མཁན་གྱིས་ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།དྲག་ཆས་མི་སྣ་ཁག་ཅིག་གིས་རང་ཉིད་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གི་མི་སྣ་ཡིན་ཞེས་བཤད་དེ་སྒོ་བཅག་ནས་ཁྱིམ་ལ་འཛུལ་ཏེ་སྐྱེས་པ་དེ་ཁྲིད་སོང་བ་རེད་ཟེར།
ལེ་པ་ནོན་སྲིད་གཞུང་གིས་དོན་རྐྱེན་འདི་ལ་ཡིའུ་ཐེ་རིགས་ཀྱི་རྒྱལ་ཁབ་སླར་གསོ་རིང་ལུགས་པའི་བཙན་འཛུལ་གྱི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་བཞིན་ཡོད། ལེ་པ་ནོན་གྱི་ཙུང་ལི་ན་ཅི་པུའུ·མུས་ཁ་ཐེ་ཡིས་ཕྱི་འབྲེལ་པུའུ་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གནད་དོན་དེའི་སྐོར་ཞུ་གཏུག་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།
འདས་ཟིན་པའི་དུས་སུ་དབྱི་སི་རལ་གྱིས་ལེ་པ་ནོན་གྱི་ས་ཁོངས་སུ་ཀྲིན་ཀྲུའུ་ཏང་དང་ཕ་ལེ་སི་ཐན་གྱི་དཔོན་རིགས་བཙན་ཁྲིད་དང་ལྐོག་གསོད་བྱེད་པའི་བྱ་སྤྱོད་མང་དུ་སྤེལ་མྱོང་།
ཐེངས་འདིའི་དོན་རྐྱེན་བྱུང་ཡུལ་པེ་ཐི་ལུང་ནི་ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐི་བྱང་རྒྱུད་ཀྱི་སྤྱི་ལེ30ཡི་སར་ཡོད་པ་དང་ལེ་པ་ནོན་གྱི་བྱང་རྒྱུད་དུ་གཏོགས། ད་ལོའི་ཟླ9པར།ལེ་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་ཀྱི་གདོང་ཐུག་ཇེ་མང་དུ་སོང་རྗེས།དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་གྱི་ལྷོ་རྒྱུད་དུ་ས་ངོས་ཀྱི་བྱ་སྤྱོད་སྤེལ་བ་དང་མཁའ་རྒོལ་དེ་གཙོ་བོ་ལེ་པ་ནོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད་དུ་གཅིག་སྡུད་བྱས་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།