ཀྲུང་གོ་དང་འཇར་པན་གྱི་རིམ་པ་མཐོ་བའི་ཆབ་སྲིད་གྲོས་མོལ་པེ་ཅིང་དུ་བྱས།
2024.11.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཚེས4ཉིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།ཀྲུང་དབྱང་ཕྱི་ཕྱོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་དུ་འཇར་པན་གྱི་ནང་བློན་ཁང་གི་དམིགས་བསལ་བློ་འདོན་པ།རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཅུའུ་ཡི་ཅུའུ་ཀྲང་ཆིའུ་ཡེ་ཀང་ནན་དང་ཀྲུང་གོ་དང་འཇར་པན་གྱི་རིམ་པ་མཐོ་བའི་ཆབ་སྲིད་གྲོས་མོལ་བྱས།

ཝང་དབྱི་ཡིས་བསྟན་དོན།ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་སུ་འགྲོ་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་ནས།ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་སུ་གཏོང་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས།དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་ཞིང་བརྟན་བརླིང་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་དགོས། འཇར་པན་ཕྱོགས་ཀྱིས་ཕྱི་རོལ་ཡུལ་དང་མཐུན་ལ་རྗེས་དཔག་གི་ཀྲུང་གོར་ངོས་འཛིན་བྱེད་པ་དང་།ཐའེ་ཝན་གྱི་གནད་དོན་ཐད་བཏོན་པའི་ཆབ་སྲིད་ཀྱི་ཁས་ལེན་དམ་སྲུང་བྱེད་པ།ཀྲུང་གོ་དང་འཇར་པན་་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་སྲུང་སྐྱོང་ནན་ཏན་བྱེད་པ།བྱ་སྤྱོད་དངོས་ཀྱི་སྟེང་ནས“ཕན་ཚུན་མཉམ་ལས་གྲོགས་པོ་ཡིན་པ་ལས་ཕན་ཚུན་ལ་འཇིགས་སྐུལ་མི་བྱེད་པའི”ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་བཅས་བྱས་ནས།ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞིས་གཏན་འཁེལ་བྱས་པའི་རྩ་དོན་དང་ཐུན་མོང་གི་ངོས་འཛིན་ལ་བརྩི་སྲུང་བྱས་ནས།ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་འབད་བྲཙོན་བྱེད་དགོས་པ་བསྐྱར་བསྒྲགས་བྱས།

ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་གྲོས་མོལ་དང་བརྗེ་རེས་རྒྱུན་འཁྱོངས་བྱས་ནས།ཕྱི་ཕྱོགས་ལ་དགེ་མཚན་ལྡན་པའི་དྲང་ཕྱོགས་ཀྱི་བརྡ་རྟགས་དེ་ལས་མང་བ་གཏོང་རྒྱུ་ཡིན་ཞེས་བསྟན།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་གཉིས་གྱི་འཕེལ་རྒྱས་འབྲེལ་བ་དམ་ཟབ་ཡོད་པ་དང་།དཔལ་འབྱོར་གྱི་ཚད་མཐོའི་གསབ་རེས་ཡོད་པས་དཔལ་འབྱོར་ཚོང་དོན་མཉམ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཐོན་སྐྱེད་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་གཏོང་ཐུབ་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་པར་ངོས་འཛིན་བྱས།

ཕྱོགས་གཉིས་ཀྱིས་ཧྥུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་སྦགས་བཙོག་ལས་རྒྱ་མཚོར་འབུད་པའི་གནད་དོན་སྐོར་གླེང་ནས་ཕྱོགས་གཉིས་ཀྱི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གྱི་རྗེས་མཐུད་དོན་འཁྱོལ་བྱ་བར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུཡིད་འཐད་བྱུང་།

ཕྱོགས་གཉིས་ཀྱིས་ད་དུང་མཉམ་དུ་་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་བྱས། ཝང་དབྱི་ཡིས་ནན་གྱིས་བསྟན་དོན།ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ།འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་ལེན་དུ་བསྟར་གྱི་ཡོད་པ་དང་།ཞི་བདེ་དང་བདེ་འཇགས་ཐོ་འགོད་ལེགས་ཤོས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་མུ་མཐུད་དུ་གཞུང་དྲང་དང་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ།ས་ཁུལ་དུ་དམག་འཁྲུག་དང་ཟིང་ཆ་ལངས་རྒྱུ་སྔོན་འགོག་བྱ་རྒྱུ་ཡིན། ཕྱོགས་སོ་སོས་ཕྱི་རོལ་གྱི་སྟོབས་ཤུགས་ཀྱིས་རང་གི་མངའ་ཁོངས་སུ་ཁ་གཏད་ངན་སྐུལ་བྱེད་པར་མཉམ་དུ་བཀག་འགོག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་སྟེང་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

གཡང་འབུམ་རྒྱལ་གྱིས་བསྒྱུར།