ཚེས4ཉིན།འཇར་པན་འཇིག་རྟེན་མཁའ་འགྲུལ་ཞིབ་འཇུག་གསར་སྤེལ་སྒྲིག་གཞིས(JAXA)H3སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་ཤིག་བདེ་བླག་ངང་འཕེན་གཏོང་བྱས་ནས། འཇར་པན་གྱི་འགོག་སྲུང་ཞིང་ཆེན་གྱི་འཕྲིན་གཏོང་སྲུང་སྐར་ཞིག་སྔོན་ལ་གཏན་འཁེལ་བྱས་པའི་འཁོར་ལམ་སྟེང་བསྐྱལ་བ་རེད། དེ་ནིH3སྐྱེལ་འདྲེན་མེ་ཤུགས་འཕུར་མདས་སའི་གོ་ལའི་མཉམ་བགྲོད་འཁོར་ལམ་གྱི་སྲུང་སྐར་སྟེང་ཐོག་མར་བདེ་བླག་ངང་འཕེན་གཏོང་བྱས་པ་ཞིག་རེད།
JAXAཡི་ཐད་གཏོང་པར་རིས་ལས་མངོན་པ་ལྟར་ན།ས་གནས་དེའི་ཚེས4ཉིན་གྱི་དུས་ཚོད15དང་སྐར་མ48(པེ་ཅིང་གི་དུས་ཚོད14དང་སྐར་མ48)ཀྱི་སྟེང་དུH3སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཇར་པན་གྱི་ལྷོ་རྒྱུད་ལུའུ་ཨེར་ཏའོ་རྫོང་གི་ས་བོན་གླིང་ཚོམས་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད། སྐར་མ29ཙམ་སོང་རྗེས་མེ་ཤུགས་འཕུར་མདའ“འོད་འཚེར་ཨང་གསུམ་པ”ཞེས་པའི་འགོག་སྲུང་འཕྲིན་གཏོང་སྲུང་སྐར་དེས་གོམ་སྟབས་གཅིག་མཚུངས་ཀྱི་གཞན་སྒྱུར་འཁོར་ལམ་དུ་བསྐྱལ་བ་རེད། དེའི་རྗེས་སུ་སྲུང་སྐར་གྱིས་རང་ཉིད་ཀྱི་འབུད་རྫས་ལ་བརྟེན་ནས་འཁོར་ལམ་བསྒྱུར་བ་དང་།མཐོ་ཚད་སྤྱི་ལེ་ཁྲི3.6ཙམ་ཡོད་པའི་སའི་གོ་ལའི་མཉམ་བགྲོད་འཁོར་ལམ་དུ་སླེབས་པ་རེད།
ཐེངས་འདིར་འཕེན་གཏོང་བྱས་པའིH3སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕྲུལ་འཁོར་ཨང4པ་དེ་དེ་སྔོན་འཕེན་གཏོང་བྱས་པའི་མེ་ཤུགས་འཕུར་མདའ3པོ་དང་གཅིག་མཚུངས་ཡིན་པ་དང་།རིམ་པ་དང་པོའི་སྒུལ་བྱེད་འཕྲུལ་འཁོར་གཙོ་བོ་ནིLE-9སྦོས་པའི་ཆིང་དབྱང་སྒུལ་བྱེད་འཕྲུལ་འཁོར2སྤྱད་ཡོད་པ་དང་།དེའི་སྟེང་སྲ་གཟུགས་མེ་ཤུགས་འཕུར་མདའི་འདེད་སྐུལ་འཕྲུལ་ཆས2དང་རྒྱུན་སྒྱུར་ཁེབས་ཐུང་བསྣན་ཡོད་པ་རེད།
2023ལོའི་ཟླ3པའི་ཚེས7ཉིན།H3སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཨང་དང་པོ་དེ་འཇར་པན་གྱི་རེབ་གསར་པའི་གཙོ་ཤུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིན་པའི་ངོས་ནས་འཕེན་གཏོང་ལེགས་འགྲུབ་མ་བྱུང་བ་དང་།དེའི་རྗེས་ཀྱི་ཨང2པ་དང་ཨང3པ་ཚང་མ་འཕེན་གཏོང་ལེགས་གྲུབ་བྱུང་བ་རེད། ཐེངས་འདིའི་འཕེན་གཏོང་དེ་ཐོག་མར་ཟླ10བའི་ཚེས20ཉིན་གཏན་འཁེལ་བྱས་ནའང་།གནམ་གཤིས་ཀྱི་དབང་གིས་མེ་ཤུགས་འཕུར་མདའི་རིམ་གཉིས་སྒུལ་བྱེད་འཕྲུལ་འཁོར་གྱི་ཞིབ་དཔྱད་ཚད་ལེན་རྒྱུན་ལྡན་མིན་པས་ཐེངས་མང་པོར་འཕེན་གཏོང་བྱ་རྒྱུ་ནར་འགྱངས་བྱས་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།