ཁ་ཐུའུ་མུའུ་ནས་སྤེལ་བའི་གནས་ཚུལ་ལྟར་ན། སུའུ་ཏན་གྱི་ནོར་སྲིད་དང་དཔལ་འབྱོར་འཆར་འགོད་པུའུ་ཡི་པུའུ་ཀྲང་ཅ་པུའུ་ལེ·དབྱི་པུའུ་ལ་ཞིན་གྱིས་ཚེས་3ཉིན་འཛམ་གླིང་དངུལ་ཁང་གིས་ཨ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་བཞི་བཏང་ནས་སུའུ་ཏན་ལ་འཕྲལ་སྡོམ་རྣམ་གྲངས་མང་པོ་ཞིག་ལག་ལེན་དུ་བསྟར་བར་རོགས་རམ་བྱ་རྒྱུའི་ཡིད་འཐད་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།
དབྱི་པུའུ་ལ་ཞིན་གྱིས་ཉིན་དེར་སུའུ་ཏན་གྱི་ཤར་རྒྱུད་གྲོང་ཁྱེར་སུའུ་ཏན་གྲུ་ཁར་བསྡུས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་། མ་དངུལ་དེ་ནི་འཛམ་གླིང་དངུལ་ཁང་གིས་མཁོ་འདོན་བྱས་པའི་དངུལ་ཡིན་པ་དང2025ལོའི་ཟླ6པའི་ཡར་སྔོན་དུ་སུའུ་ཏན་སྲིད་གཞུང་དང་མཉམ་ལས་བྱེད་མཁན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིར་སྤྲོད་རྒྱུ་རེད། དེའི་ནང་ཨ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་འབྲུ་རིགས་མཁོ་སྤྲོད་ཐད་སྤྱོད་པ་དང་། ཨ་སྒོར་དུང་ཕྱུར་གཅིག་སྤྱི་ཚོགས་ཀྱི་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པར་སྤྱོད་པ། ཨ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་འཕྲོད་བསྟེན་གྱི་གནོད་འཚེ་ཞི་ལྷོད་དུ་གཏོང་བར་སྤྱོད་པ། ཨ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་སློབ་གསོའི་འཕྲལ་སྡོམ་འཆར་གཞིའི་ཐད་སྤྱོད་རྒྱུ་བཅས་རེད།
དབྱི་པུའུ་ལ་ཞིན་གྱིས་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་སྔར་བཞིན་མུ་མཐུད་དུ་འབྱུང་བཞིན་ཡོད་པས་དཔལ་འབྱོར་ལ་བཟོས་པའི་གྱོང་གུན་ཚོད་དཔག་བྱེད་དཀའ་བ་ཞིག་རེད་ཟེར། ཁོས་ཞལ་འདེབས་འབུལ་མཁན་ཕྱོགས་ཀྱིས་ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་སུའུ་ཏན་གྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཟླ10པའི་ཟླ་མཇུག་ཏུ་དབྱི་པུའུ་ལ་ཞིན་ཨ་རིའི་ཝ་ཧྲིན་ཏོན་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་གི2024ལོའི་ལོ་ཚོགས་ནང་ཞུགས་ཏེ་མ་དངུལ་གྱི་རོགས་སྐྱོར་ཐོབ་ཐབས་བྱས་པ་རེད། དབྱི་པུའུ་ལ་ཞིན་གྱིས་འཛམ་གླིང་དངུལ་ཁང་གི་དཔོན་རིགས་དང་ལོ་ཚོགས་ཀྱི་སྐབས་སུ་ཐུག་འཕྲད་བྱས་པ་དང་ཕྱོགས་གཉིས་ཀྱིས་གོང་གསལ་གྱི་ཁ་ཆད་དེ་བཞག་པ་རེད།
2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་བར་རྒྱལ་ས་ཁ་ཐུའུ་མུའུ་རུ་གདོང་ཐུག་དྲག་པོ་བྱུང་ནས། དེའི་རྗེས་སུ་དམག་འཁྲུག་གི་མེ་ལྕེ་དེ་ས་ཁུལ་གཞན་དུ་མཆེད་པ་རེད། རྒྱུན་མཐུད་ཀྱི་གདོང་ཐུག་གིས་སུའུ་ཏན་གྱི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་ཐེབས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཟླ་བ་གོང་མར་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། 2024ལོར་སུའུ་ཏན་རྒྱལ་ཁབ་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར20.3%ཆེས་ཆེར་ཆག་རྒྱུའི་སྔོན་དཔག་བྱས་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།