ཧུའུ་སའེ་དྲག་ཆས་པས་ཨ་རིའི་མི་མེད་གནམ་གྲུ་ཞིག་གཏོར་བ་དང་དབྱི་སི་རལ་ལ་འཇབ་རྒོལ་བྱས།
2024.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཚེས8ཉིན། ཡེ་མེན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་བཤད་རྒྱུར། རྩ་འཛུགས་དེས་དབྱི་སི་རལ་གྱི་ལྷོ་རྒྱུད་ནེ་ཝ་ཐི་མུའུ་མཁའ་དམག་རྟེན་གཞིར་མདེལ་ལམ་འཕུར་མདེལ་ཞིག་འཕངས་བར་མ་ཟད། ཡེ་མིན་གྱི་ཅའོ་ཧྥུའུ་ཞིང་ཆེན་དུ་ཨ་རིའི་མི་མེད་གནམ་གྲུ་གཅིག་གཏོར་བ་ཡིན་ཟེར།

ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱས་པའི་མཱ་ཞི་ལཱ་བརྙན་འཕྲིན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཏེ། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དང་ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་ལ་རྒྱབ་སྐྱོར་བྱེད་ཆེད། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ནེ་ཝ་ཐི་མུའུ་མཁའ་དམག་རྟེན་གཞིར་སྒྲ་ལས་ཆེས་མྱུར་མདེལ་ལམ་འཕུར་མདེལ་ཞིག་འཕངས་ནས་དམིགས་འབེན་ལ་ཕོག་ཡོད་ཟེར།

ས་ལེ་ཡ་ཡིས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཉིན་དེའི་ཐོ་རེངས་དུས་སུ།  ཡེ་མིན་གྱི་ཅའོ་ཧྥུའུ་ཞིང་ཆེན་གྱི་མཁའ་དབྱིངས་སུ་ལས་འགན་སྒྲུབ་བཞིན་པའི་ཨ་རིའི་དམག་གིMQ-9“གཤིན་རྗེ”ཞེས་པའི་མི་མེད་གནམ་གྲུ་ཞིག་ལ་གཏོར་སྐྱོན་བཏང་བ་དང་།ཁདེ་ནི2023ལོའི་ཟླ11པའི་ཚུན་དུ་ཁོ་ཚོས་གཏོར་སྐྱོན་བཏང་བའི་རིགས་མཚུངས་ཀྱི་མི་མེད་གནམ་གྲུ12པ་ཡིན་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དང་ལེ་པ་ནོན་དུ“བཙན་འཛུལ་བྱ་སྤྱོད”སྤེལ་མཚམས་མ་བཞག་ཚེ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིབ་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་མི་སྲིད་ཟེར།

ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་སྐོར་ཐེངས་གསར་པའི་འཁྲུག་རྩོད་བྱུང་རྗེས། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་མི་མེད་གནམ་གྲུ་དང་འཕུར་མདེལ་སྤྱད་དེ་རྒྱ་མཚོ་དམར་པོ་དང་ཨ་རབ་རྒྱ་མཚོའི་ཆུ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས་ཏེ། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་རེད། ད་ལོའི་ཟླ1ཚེས12ཉིན་ནས་བཟུང་། ཨ་རི་དང་དབྱིན་ཇིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་ཐེངས་མང་པོར་མཁའ་རྒོལ་བྱས་པས་མི་སྣར་ཤི་རྨས་བྱུང་ཡོད་པ་རེད། ཟླ3པའི་ཚེས14ཉིན། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣས“དབྱི་སི་རལ་དང་འབྲེལ་བ་ཡོད་པའི”གྲུ་གཟིངས་ལ་འཇབ་རྒོལ་བྱེད་པའི་ཁྱབ་ཁོངས་ཧིན་རྡུ་རྒྱ་མཚོའི་ལྷོ་རྒྱུད་མཚོ་ཁོངས་སུ་རྒྱ་བསྐྱེད་པ་ཁྱབ་བསྒྲགས་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།