མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་ཅ་ཧྲ་ས་ཁུལ་དུ་ཆ་འཕྲིན་ཞིབ་དཔྱད་བྱས་ནས་འདས་པོའི་ནང་གི70%ནི་བུད་མེད་དང་བྱིས་པ་ཡིན་པར་བསྒྲགས།
2024.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཚེས8ཉིན།   མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་དོན་གཅོད་ཁྲུའུ་ཡིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་གདོང་ཐུག་གསར་པ་བྱུང་ཚུན་དུ།  དོན་གཅོད་ཁྲུའུ་དེས་ཞིབ་དཔྱད་བྱས་པའི་མཇུག་འབྲས་ལྟར་ན།  ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འདས་པོའི་ཁྲོད་ཀྱི70%ནི་བུད་མེད་དང་བྱིས་པ་ཡིན་པར་བསྟན།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་དོན་གཅོད་ཁྲུའུ་ཡིས་ཉིན་དེར་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་ནས།  2023ལོའི་ཟླ10བའི་ཚེས7ཉིན་ནས་བཟུང་།  ཅ་ཧྲ་ས་ཁུལ་སོགས་སུ་བྱུང་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་གསལ་བཤད་ཞིབ་མོ་བྱས་ཡོད། སྙན་ཞུ་ལས་བསྟན་དོན། ད་ལོའི་ཟླ9བའི་ཚེས2ཉིན་བར་དོན་གཅོད་ཁྲུའུ་དེས་ན་ནིང་གི་ཟླ10བའི་ཚེས7ཉིན་ནས་བཟུང་ཅ་ཧྲ་ས་ཁུལ་དུ་འདས་པའི་ཕ་ལེ་སི་ཐན་པ་8119ཡི་ཆ་འཕྲིན་ཞིབ་དཔྱད་བྱས་ཡོད་པ་དང་།  བུད་མེད་དང་བྱིས་པའི་འདས་གྲངས་ཀྱིས་ཞིབ་དཔྱད་བྱས་པའི་ཆ་འཕྲིན་ཁྲོད་ཀྱི་འདས་པོའི་བསྡོམས་གྲངས་ཀྱི70%ཟིན་ཡོད།

སྙན་ཞུའི་དེ་ལས་ཅ་ཧྲ་ས་ཁུལ་དུ་ཐོན་པའི་མི་སེར་ལ་དམིགས་པའི་གཏུམ་སྤྱོད་དང་ རྒྱལ་སྤྱིའི་བཅའ་ཁྲིམས་དང་ཚབས་ཆེན་འགལ་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་དག་གནས་ཚུལ་མང་པོའི་འོག་དམག་འཁྲུག་གི་ནག་ཉེས་སུ་འགྱུར་སྲིད་ཅེས་འཁོད་ཡོད་པ་རེད། སྙན་ཞུའི་ནང་གལ་ཏེ་བྱ་སྤྱོད་དེ་རིགས་ནི་གཞི་ཁྱོན་ཆེ་བའམ་ཡང་ན་བརྒྱུད་རིམ་ལྡན་པའི་ངང་མང་ཚོགས་ལ་དམིགས་པའི་ཕར་རྒོལ་ཞིག་ཡིན་པར་མ་ཟད།རྒྱལ་ཁབ་ཅིག་གམ་ཡང་ན་རྩ་འཛུགས་ཤིག་གི་སྲིད་ཇུས་དང་འབྲེལ་བ་ཡོད་ཚེ་མིའི་རིགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་སུ་འགྱུར་སྲིད་ཅེས་ནན་བཤད་བྱས་ཡོད་པ་རེད། སྙན་ཞུའི་ནང་བྱ་སྤྱོད་དེ་རིགས་ཀྱིས་རྒྱལ་ཁབ་དང་མི་རིགས། རིགས་རྒྱུད། ཆོས་ལུགས་བཅས་གང་རུང་ཞིག་གི་ཆ་ཤས་ཚང་མའམ་ཡང་ན་ཆ་ཤས་མེད་པར་བཟོས་ཚེ་རིགས་རྒྱུད་རྩ་མེད་དུ་གཏོང་བའི་ཉེས་པ་གསོག་བཞིན་ཡོད་ཅེས་ཐ་ཚིག་བསྒྲགས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཝོ་འར་ཁེ·ཐུར་ཁེ་ཡིས་སྙན་ཞུའི་ནང་རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་རིགས་རྒྱུད་སྟོང་བར་བྱེད་པའི་བྱ་སྤྱོད་སྔོན་འགོག་དང་ཁྲིམས་གཅོད་བྱེད་པའི་ཐད་ཀྱི་རྒྱལ་སྤྱིའི་འོས་འགན་ཐེངས་མང་པོར་ནན་བཤད་བྱས་ཡོད་པས།  དབྱི་སི་རལ་གྱིས་ངེས་པར་དུ་ཁྱོན་ཡོངས་དང་མྱུར་དུ་འོས་འགན་དེ་དག་ལག་བསྟར་བྱེད་དགོས་ཞེས་བསྟན།  ཁོས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་དམག་དོན་བྱ་སྤྱོད་གསར་པ་སྤེལ་བ་དང་།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་ཉམ་ཐག་མང་ཚོགས་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་བྱ་འགུལ་ལ་ཤུགས་རྐྱེན་བཟོ་བའི་ཁྲིམས་འཛུགས་ལ་གྲོས་འཆམ་བྱུང་བར་དམིགས་ནས།  བླང་བྱ་དེ་སྔར་ལས་ཁ་ཚ་དགོས་གཏུགས་ཤིག་རེད་ཅེས་ནན་བཤད་བྱས་ཡོད།

སྙན་ཞུ་དེའི་ནང་ད་དུང་ཕ་ལེ་སི་ཐན་དབྱི་སི་ལན་གྱི་འགོག་རྒོལ་ལས་འགུལ(ཧ་མ་སི)དང་ཕ་ལེ་སི་ཐན་གྱི་དྲག་ཆས་ཚོགས་པ་གཞན་དག་གིས་དབྱི་སི་རལ་དང་ཕྱི་རྒྱལ་གྱི་མང་ཚོགས་ལ་དམིགས་པའི་གཏུམ་སྤྱོད་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་རེད།

སྙན་ཞུའི་ནང་ཕྱོགས་སོ་སོས་མྱུར་དུ་དམག་འཁྲུག་མཚམས་བཞག་ནས།  མི་གཏའ་ཚང་མ་ཕྱིར་བཏང་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་ཟོག་སྐྱེལ་དགོས་པའི་སྐུལ་མ་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།