ཡོ་ནན་གྱི་ཙུང་ལི་ཧྥན་མིང་ཀྲེང་གིས་ཡོ་ནན་དང་ཀྲུང་གོའི་ཚོང་དོན་དངུལ་གཏོང་འཕར་སྣོན་བརྟན་པོ་བྱུང་བས་མ་འོངས་པར་ཕྱོགས་གཉིས་ཀྱི་མ་དངུལ་དེ་ལས་མང་པོ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།
2024.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཚེས8ཉིན།  ཡོ་ནན་གྱི་ཙུང་ལི་ཧྥན་མིང་ཀྲེང་གིས་ཁྲུང་ཆིང་དུ་བསྡུས་པའི“ཀྲུང་གོ་དང་ཡོ་ནན་ཁེ་ལས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲོས་མོལ་ཚོགས་འདུའི”སྟེང་། ཡོ་ནན་དང་ཀྲུང་གོའི་ཚོང་དོན་དངུལ་གཏོང་འཕར་ཚད་བརྟན་པོ་ཡིན་པས་ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས།མ་འོངས་པར་ཕྱོགས་གཉིས་ཀྱི་མ་དངུལ་གཏོང་ཚད་དེ་ལས་མང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཧྥན་མིང་ཀྲེང་གིས་གཏམ་བཤད་སྤེལ་སྐབས།དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བའི་བརྟེན་ས་གལ་ཆེན་ཞིག་ཡིན།ཉེ་བའི་ལོ་ཤས་རིང་ཡོ་ནན་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཚོང་དོན་གྲངས་འབོར་བརྟན་པོར་འཕར་བའི་རྣམ་པ་ཞིག་ཐོན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་པོར་དམིགས་ནས་མ་འོངས་པའི་མཉམ་ལས་ཐད་ད་དུང་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་ཟེར།

ཧྥན་མིང་ཀྲེང་གིས་བཤད་རྒྱུར།ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད།ཡོ་ནན་ཕྱོགས་ཀྱིས་དུས་ཡུན་རིང་པོར་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་ཇེ་སུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། དཔེར་ན།ས་མཚམས་བརྒལ་བའི་ཚོང་དོན་འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས།རིག་ལྡན་འགག་སྒོ་དང་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ལྟ་བུ་རེད། གཞན་ཡང་ཡོ་ནན་ཕྱོགས་ཀྱིས་ད་དུང་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་གཅོག་པའི་འབྲེལ་ཡོད་ཞིབ་ཕྲའི་སྲིད་ཇུས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཡོད་ཟེར།

ཧྥན་མིང་ཀྲེང་གིས་བསྟན་དོན།ད་དུང་ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས།མ་འོངས་པར་གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར།འཁོར་སྐྱོད་དཔལ་འབྱོར་སོགས་ཀྱི་ཐད་མཛའ་བརྩེ་དང་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་སྔར་ལས་མང་པོ་ཐོབ་པར་རེ་བ་ཡོད་ཟེར།

ཚོགས་འདུའི་སྐབས་སུ་ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱི་ཁེ་ལས་ཀྱི་འཐུས་མིས་མཉམ་ལས་ཀྱི་དྲན་ཐོར་མཉམ་དུ་མིང་རྟགས་བཀོད་པ་དེ་དཔལ་འབྱོར་ཚོང་དོན་དང་ཟོག་འགྲེམས། ནུས་རྒྱུ། ཞིང་ལས། འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་ཁྱབ་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།